པདྨ་རྒྱལ་གྱིས་བརྩམས་པའི«གླིང་གེ་སར་རྒྱལ་པོའི་སྒྲུང་ལས་ལྷ་སྒྲུང་གི་རྣམ་གཞག་སྐོར་བཤད་པ»དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཉེ་ལམ། སི་ཁྲོན་རྔ་བ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་དཔོན་ཆེན་མོ་པདྨ་རྒྱལ་གྱིས་བརྩམས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི༼གླིང་གེ་སར་རྒྱལ་པོའི་སྒྲུང་ལས་ལྷ་སྒྲུང་གི་རྣམ་གཞག་སྐོར་བཤད་པ༽ཞེས་པ་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས། 

བོད་ཀྱི་གླིང་སྒྲུང་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དུས་རིམ་ཁྲོད་དམངས་ཁྲོད་སྒྲུང་བ་ཁྲི་སྟོང་མང་པོས་ཐུན་མོང་གི་བློ་རྩལ་ལ་བརྟེན་ནས་གསར་རྩོམ་དང་རྒྱུད་འཛིན། དར་སྤེལ་བཅས་ཀྱི་འགྲོས་རིམ་བརྒྱུད་ནས་ད་ལྟའི་བར་རྒྱུན་མ་ཆད་པའི་དཔའ་བོའི་སྒྲུང་རབས་ཤིག་ཡིན་པ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རླུང་ལྟར་གྲགས་ཤིང་། གླིང་སྒྲུང་ལས་གེ་སར་ནི་སྐྱེ་རྒྱུད་ལྷ་ཀླུ་གཉན་གསུམ་ལ་འབྲེལ་ཞིང་སྤྲུལ་བསྒྱུར་ལ་མངའ་བརྙེས་པ། རྫུ་འཕྲུལ་གྱིས་སྲིད་པ་གསུམ་ལ་ཐོགས་མེད་དུ་རྒྱུ་བའི་ལྷ་མིའི་ངོ་བོ་གཉིས་ལྡན་གྱི་དཔའ་བོ་ཞིག་ཡིན་ཞིང་། གེ་སར་རྒྱལ་པོ་ཁོང་གི་སྐུ་ཚེ་ཧྲིལ་པོའི་འཕྲིན་ལས་རྣམ་བཞི་ལ་ཐོག་མཐའ་བར་གསུམ་ཀུན་ཏུ་ལྷ་ཀླུ་གཉན་གསུམ་དང་དགྲ་ལྷ་ཝེར་མ་རྣམས་ཀྱིས་དབང་བཀོད་སྡོང་གྲོགས་གཡེལ་མེད་བྱེད་པ་ཡིན་ལ། ཁོང་ནི་མཐུ་དང་སྤྲུལ་བསྒྱུར་ལ་མངའ་བརྙེས་ཤིང་སྲིད་པ་གསུམ་ལ་ཐོགས་མེད་དུ་རྒྱུ་བ། ཐ་ན་ཁོང་གི་ཆིབས་རྟ་དང་གོ་མཚོན་ལ་ཡང་ལྷ་ཆས་དང་ལྷ་གཤིས་ལྡན་ཞིང་མི་སྐད་སྨྲ་བ་སོགས་རྫུ་འཕྲུལ་ཅན་ཤ་སྟག་ཡིན་པ་དང་། དེ་བས་ཀྱང་གལ་ཆེ་ཞིང་ངོ་མཚར་གྱིས་ཡོངས་སུ་ཕྱུག་པ་ནི་གླིང་སྒྲུང་གི་གཞི་རྒྱ་ཆེ་ཞིང་རྣམ་གྲངས་མཐའ་ཡས་པའི་ལྷ་ཚོགས་ཀྱི་མ་ལག་དེ་ཡིན་ཞིང་། དེ་ནི་ཤིན་ཏུ་རྒྱ་ཆེ་ཞིང་རྙོག་འཛིང་རང་བཞིན་གྱི་ཁྱབ་ཁོངས་ཤིག་ཡིན་པས། ཆེད་དེབ་འདིར་འཕྲེད་གཞུང་དང་གཙོ་ཕལ་སོགས་ཕྱོགས་ཟུར་མི་འདྲ་བའི་ཐད་ནས་རྣམ་འབྱེད་དང་ཕྱོགས་སྡོམ་གྱིས་བསྡུར་དཔྱད་མཛད་པ་སྟེ། གླིང་སྒྲུང་གི་ལྷ་ཚོགས་མ་ལག་སྤྱིར་བཤད་པ་དང་། གླིང་སྒྲུང་གི་ལྷ་ཀླུ་གཉན་གསུམ་གྱི་མ་ལག་བྱེ་བྲག་ཏུ་བཤད་པ། གླིང་སྒྲུང་ལས་བྱུང་བའི་ལྷ་སྲུང་གཙོ་བོའི་སྐོར་བཤད་པ་སོགས་ལེའུ་དྲུག་གི་སྒོ་ནས་གླིང་སྒྲུང་དང་ལྷ་སྒྲུང་གཉིས་ཀྱི་འབྲེལ་བའི་སྐོར་ལ་ཞིབ་ཏུ་དཔྱད་བརྗོད་གནད་དུ་ཁེལ་བ་གནང་ཡོད་དོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号