ཤ་བོ་སྐྱབས་མཚོ་སྔོན་ཞིང་ཆེན་ལུག་རྒྱུད་གསོ་སྤེལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས(མཁར་ཟུར་གསུམ་ལུག་རྒྱུད་ར་བ)སུ་བསྐྱོད་དེ་བརྟག་ཞིབ་གནང་།


ཟླ1པོའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་བྱ་བར་དམིགས་ནས། མཚོ་སྔོན་ཞིང་ཆེན་ལུག་རྒྱུད་གསོ་སྤེལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས(མཁར་ཟུར་གསུམ་ལུག་ར་བ)སུ་བསྐྱོད་དེ་ཚན་ཞིབ་ལུག་རྒྱུད་གསོ་སྤེལ་རྟེན་གཞི་དང་རྒྱལ་ཁབ་རིམ་པའི་མཐོ་སྒང་བོད་ལུག་རྒྱུད་སྲུང་ར་བར་བརྟག་ཞིབ་གནང་།

ཤ་བོ་སྐྱབས་ཀྱིས་མཚོ་སྔོན་ཞིང་ཆེན་ལུག་རྒྱུད་གསོ་སྤེལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་གསོ་སྤེལ་གཞི་ཁྱོན། ལུག་རྒྱུད་གསོ་སྤེལ་ཕྱོགས་བསྡུས་ལག་རྩལ་དཔེ་སྟོན་ཁྱབ་གདལ། རྒྱུད་འདེམས་དང་སྲུང་སྐྱོབ་བེད་སྤྱོད། གསོ་ཚགས་དོ་དམ་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ལས་བྱེད་ལས་བཟོ་བ་དང་ཆེད་ལས་ལག་རྩལ་མི་སྣ་དང་བརྗེ་རེས་གཏིང་ཟབ་བྱས་ལ། ཁོང་གིས་མཚོ་སྔོན་ཞིང་ཆེན་ལུག་རྒྱུད་གསོ་སྤེལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ནི་མཚོ་སྔོན་གྱི་བལ་ཤ་གཉིས་སྤྱོད་ཀྱི་བལ་འཇམ་ལུག་གི་དེ་སྔའི་གསོ་སྤེལ་ར་བ་དང་མཚོ་སྔོན་གྱི་བལ་ཤ་གཉིས་སྤྱོད་ཀྱི་ཕྱེད་བལ་འཇམ་ལུག་གི་གསོ་སྤེལ་ཁྱབ་གདལ་རྟེན་གཞི་ཡིན་པ་དང་། རྒྱུད་སྤེལ་དང་གསོ་སྤེལ། རྒྱུད་བཟང་ལུག་ཁྱབ་གདལ་བཅས་གཏོང་རྒྱུ་དེ་བྱ་བའི་གཙོ་གནད་དུ་བྱས་ཤིང་། གསོ་སྤེལ་གཞི་ཁྱོན་ཆེ་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་སྔོན་ཐོན་ཡིན་པ། ཚན་ཞིབ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། དེ་ནི་མཚོ་སྔོན་གྱི་བལ་ཤ་གཉིས་སྤྱོད་ཀྱི་བལ་འཇམ་ལུག་གི་དེ་སྔའི་གསོ་སྤེལ་ར་བ་གཅིག་པུ་དེ་ཡིན་པར་བཤད། 

ཤ་བོ་སྐྱབས་ཀྱིས་མཚོ་བྱང་གི་ཞིང་ཕྱུགས་སྡེ་ཁག་དང་མཚོ་སྔོན་ཞིང་ཆེན་གྱི་ལུག་རྒྱུད་གསོ་སྤེལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་དབར་བརྗེ་རེས་དང་འགྲོ་འོང་སྔར་བས་ཇེ་ཟབ་ཏུ་བཏང་ནས་མཚོ་བྱང་གི་ཕྱུགས་ལས་རྒྱུན་མཐུད་ངང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱའི་རེ་བ་ཡོད་དེ། གཅིག་ནས་མཉམ་ལས་ལ་ཤུགས་བསྣན་ནས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱི་ལུག་རྒྱུད་གསོ་སྤེལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱིས་ལུག“གསོ་སྤེལ་དང་རྒྱུད་སྤེལ། ཁྱབ་གདལ་གཏོང་བ”བཅས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་དང་ཚན་རིག་དང་མཐུན་པའི་གསོ་སྤེལ། ཞིབ་ཚགས་ཅན་གྱི་དོ་དམ་སོགས་ཐད་ཀྱི་ཆེད་ལས་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་བྱང་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི” བཟོ་བསྐྲུན་ཆ་ཚང(རྫོང་སོ་སོས་ཉུང་མཐར་ཡང་གཟན་ཆས་བཟོ་གྲྭ་གཅིག་དང་ཕྱུགས་ཟོག་ཉོ་ཚོང་ཁྲོམ་ར་གཅིག བཤས་ར་གཅིག འཁྱགས་མཛོད་གཅིག ལུད་རྫས་བཟོ་གྲྭ་གཅིག ནས་དང་ལོག་དཀར། ཤ་བསྙལ་མའི་ལས་སྣོན་བཟོ་གྲྭ་གཅིག ནོར་གནག་དང་བོད་ལུག ནས། ལོག་དཀར། ནགས་རྩྭའི་སོན་བཟང་གསོ་སྤེལ་དང་སོན་བཟང་མཁོ་འདོན་རྟེན་གཞི་གཅིག  ནོར་ལུག་གི་མགོ་རུས་དང་རྭ་ཅོ། ཀོ་བ་དང་པགས་པ། བལ་དང་ཁུ་ལུ་སོགས་བེད་སྤྱོད་ལས་སྣོན་བཟོ་གྲྭ་གཅིག ནོར་གནག་སྟོང་དང་བོད་ལུག་ཁྲི་ཡི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་གཅིག )དང“རླབས་ཕྲེང་དགུང་དུ་འཕྱུར་བའི་མཚོ་སྔོན་པོ”དང“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ”ཞེས་པའི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་དང་ཟུང་འབྲེལ་བྱས་ནས་མཚོ་བྱང་གི་ཕྱུགས་ལས་དེ་དེང་རབས་ཅན་དང་ལེགས་བསྡུས་ཅན་གྱི་ཕྱོགས་སུ་བསྒྱུར་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་མཚོ་བྱང་གི་བོད་ལུག་ཐོན་ལས་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་འབྱུང་དགོས། གཉིས་ནས་ལས་སྣོན་ཞིབ་ཚགས་དང་ཐོན་ལས་རིང་དུ་གཏོང་དགོས། ལུག་གི་ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་རྒྱུ་དང་མཉམ་འདྲེས་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རྫོང་སོ་སོའི་རོང་འབྲོག་མང་ཚོགས་ཀྱི་སྦྱོང་བརྡར་ལྟེ་གནས་སོགས་ཀྱི་ལས་སྟེགས་དང་ཟུང་འབྲེལ་གྱིས་ལག་ཤེས་བཟོ་རྩལ་པ་ཁག་གཅིག་གསོ་སྐྱོང་བྱས་ཏེ་ནོར་ལུག་གི་མགོ་རུས་དང་རྭ་ཅོ། ཀོ་བ་དང་པགས་པ། བལ་དང་ཁུ་ལུ་སོགས་ལས་སྣོན་ཞིབ་ཚགས་བྱེད་རྒྱུར་མུ་མཐུད་ཤུགས་བསྣན་ཏེ་བལ་དཀར་ཁ་བཏགས་དང་སྣམ་བུ། པགས་རྩག་སོགས་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་བྱེད་སྟངས་བཙུགས་ནས་བྲིན་ཚོང་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་རྒྱུ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་བྱེད་དགོས། གསུམ་ནས་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་ཐུན་མོང་ཐོག་རིམ་སྤོར་བྱ་དགོས། མཚོ་སྔོན་ཞིང་ཆེན་གྱི་ལུག་རྒྱུད་གསོ་སྤེལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་དང་མཚོ་བྱང་ཁུལ་མཐོ་སྒང་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གིས་མི་སྣ་དང་ལག་རྩལ། ཐོན་རྫས་སོགས་ཐད་ཀྱི་མཉམ་ལས་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ལག་རྩལ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རྒྱུའི་ཐད་ཉམས་མྱོང་བརྗེ་རེས་དང་གྲུབ་འབྲས་མཉམ་སྤྱོད་ཀྱིས་མཉམ་ལས་ཡག་པོ་བྱས་ཏེ་མཚོ་བྱང་གི་ཕྱུགས་ལས་འཕེལ་རྒྱས་སླར་ཡང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པར་བཤད།

དེའི་རིང་།   ཤ་བོ་སྐྱབས་ཏ་ཐང་མཚོ་སྔོན་ནུས་རྒྱུ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་རྐང་ཚ་ཡན་ལག་སྤྱི་གཉེར་ཁང་དུ་ཡོང་ནས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་དང་གློག་དྲ་སྦྲེལ་བའི་གནས་ཚུལ། ཁེ་ལས་འཁོར་སྐྱོད། མིག་སྔར་ལྷག་པའི་དཀའ་ངལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ནན་གྱིས་བསྟན་དོན། མཚོ་བྱང་གིས་ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གསུམ་པ་བསྐྲུན་རྒྱུའི་དམིགས་ཚད་ལ་དམིགས་ཏེ་གོ་སྐབས་དམ་འཛིན་དང་དཀའ་སྤྱད་དངོས་སྒྲུབ་བྱས་ནས་སྒྲིག་སྲོལ་རྒྱ་བསྐྱེད་དང་འཆར་འགོད་ཏན་ཏིག་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་སྣ་ཚོགས་བརྩོན་ལེན་ཧུར་ཐག་བྱས་ནས་ནུས་རྒྱུ་གསར་པ་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་དང་།  ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། མཚོ་སྔོན་ཞིང་ཆེན་ལུག་རྒྱུད་གསོ་སྤེལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱི་ཏང་ཨུའི་འགན་འཁུར་བ་རིན་ཆེན་འབུམ་དང་། རྐང་ཚ་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号