ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ལས་རིགས་ལག་རྩལ་སློབ་གྲྭ་དང་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་འཕེལ་རྒྱས། འབྲེལ་ཡོད་ལས་གཞི་འཆར་འགོད་འཛུགས་སྐྲུན་བཅས་དང་དེ་བཞིན་རྩྭ་ཐང་སྐྱེ་ཁམས་ཉམས་གསོའི་བྱ་བར་བརྟག་ཞིབ་གནང་།  


ཟླ3པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་འཛུགས་སྐྲུན་དང་ས་མཐོའི་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཡུལ་དངོས་ནས་དངུལ་མཚེའུ་ཟམ་ཆེན་ལས་གཞིར་སྐུལ་འདེད་གཏོང་བ་དང་། མཚོ་བྱང་ལས་རིགས་ལག་རྩལ་སློབ་གྲྭ་རིམ་སྤོར་རྒྱས་སྐྲུན་བྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་གླིང་འཆར་འགོད་དང་མཚོ་སྐོར་ཤར་ལམ་གྱི་རྩྭ་ཐང་སྐྱེ་ཁམས་ཉམས་གསོའི་གནས་ཚུལ་ལ་ལྟ་ཞིབ་གནང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་དང་། ཧ་ཝུན་ཞུག ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲུའུ་ལིན་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་གནང་།    



མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་རུ་ཀྲང་ཧྲིང་ཡོན་གྱིས་སློབ་གྲྭའི་སློབ་གཉེར་གཞི་ཁྱོན་དང་སློབ་མའི་ལས་ཞུགས། དགེ་རྒན་གྱི་སྟོབས་ཤུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་མི་རིགས་ཀྱི་རྒྱན་གོས་དང་ཟངས་སྐུད་ཐང་ག མི་རིགས་ཀྱི་འཚེམ་དྲུབ་སོགས་དངོས་སྦྱོང་འགྲེམས་ཁང་ལ་གཟིགས་ཞིབ་གནང་ནས་ཉེ་བའི་ལོ་ཤས་རིང་སློབ་གྲྭར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་། ཀྲང་ཧྲིང་ཡོན་གྱིས་ལས་རིགས་ལག་རྩལ་སློབ་གྲྭའི་བཀོད་པ་ཇེ་ལེགས་དང་ཆེད་ལས་ལེགས་སྒྲིག་བྱ་རྒྱུ་དེ་ཤུགས་རྒྱག་ས་གཙོ་བོར་བྱས་ནས་མཚོ་བྱང་གི་གཙོ་གནད་ཐོན་ལས་དང་ཁྱད་ལྡན་ཐོན་ལས། གསར་དར་ཐོན་ལས་བཅས་ལ་དམ་པོར་དམིགས་ནས་ད་ཡོད་ཀྱི་ཆེད་ལས་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ་ཚད་ལོན་ཆེད་ལས་ལེགས་པོར་གཉེར་བའི་རྨང་གཞིའི་ཐོག་ལས་རིགས་ལག་རྩལ་སློབ་གྲྭའི་ཆས་རྟགས་དང་ཁྱད་ལྡན་ཆེད་ལས་འཛུགས་སྐྱོང་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས་ཤིང་། སློབ་ཁྲིད་ཀྱི་འཆར་གཞིར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་སློབ་མའི་དགོས་མཁོར་དམིགས་ཏེ་སློབ་ཚན་བཀོད་སྒྲིག་དང་ལས་རིགས་ཀྱི་ལག་རྩལ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཐོན་སྐྱེད་ཞབས་ཞུའི་འཐབ་ས་དང་པོའི་ཤེས་བྱ་གསར་བ་དང་ལག་རྩལ་གསར་བ། བཟོ་རྩལ་གསར་བ། ཐབས་ཤེས་གསར་བ་བཅས་དང་ཟུང་འབྲེལ་བྱེད་དགོས་ལ། ཧྲན་ཏུང་རོགས་སྐྲུན་དགེ་རྒན་གྱི་ལེགས་ཆར་བརྟེན་ནས་ཕྱོགས་གཉིས་པོའི་དབར་ཕན་ཚུན་འཚམས་འདྲི་བྱ་རྒྱུར་ཤུགས་སྣོན་པ་དང་མཉམ་ལས་བརྗེ་རེས་ཀྱི་སྟེགས་བུ་ཡག་པོ་བསྐྲུན་པ། སྤུས་ལེགས་ཀྱི་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། ཁམས་གསོ་དང་ནད་གཡོགས་ཆེད་ལས་ཁྱོན་ཡོངས་ལ་ཁྱབ་པ་དང་བརྗེ་རེས་མཉམ་ལས་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་སྟེ་སློབ་གྲྭའི་སློབ་གཉེར་ཆུ་ཚད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་དགོས་པར་བསྟན།



ནུབ་མཚོ་གྲོང་རྡལ་དངུལ་མཚེའུ་ཟམ་ཆེན་ལས་གཞི་འཛུགས་སྐྲུན་བྱ་ཡུལ་དུ་ཀྲང་ཧྲིང་ཡོན་གྱིས་ལས་གཞིའི་མ་དངུལ་དང་མ་དངུལ་དམིགས་སར་འབྱོར་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། མཚོ་བྱང་ལས་རིགས་ལག་རྩལ་སློབ་གྲྭ་རིམ་སྤོར་རྒྱས་སྐྲུན་དང་ཁུལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་ལས་གླིང་འཛུགས་སྐྲུན་བྱ་བ་དང་ཟུང་འབྲེལ་བྱས་ཏེ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་གནས་ཚུལ་དང་ལས་གཞིའི་ས་ཆ་འདེམས་པའི་བྱ་བའི་ཐད་འབྲེལ་ཡོད་སྡེ་ཁག་གི་སྙན་ཞུར་ཉན་པ་དང་ཡུལ་དངོས་སུ་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས། ཀྲང་ཧྲིང་ཡོན་གྱིས་འཛུགས་སྐྲུན་ས་ཆ་བཀོལ་སྤྱོད་བྱས་ཚུལ་ལ་ཁྱོན་ཡོངས་ནས་གསལ་རྟོགས་བྱས་ཏེ་ས་ཆ་སྤྱོད་པའི་ལས་ཁུངས་དང་མཉམ་དུ་ལས་གཞི་གལ་ཆེན་དང་གཙོ་གནད་ཐོན་ལས་དང་འབྲེལ་བའི་ས་ཆ་སྤྱོད་རྩིས་ཡོད་པའི་གནས་ཚུལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་མཐའ་མཚམས་ནང་དང་གཅིག་སྡུད་ཡུག་འབྲེལ་སོགས་ཀྱི་རྩ་དོན་གཞིར་བཟུང་ནས། སྔར་བས་ལེགས་སྒྲིག་ཞིབ་ཚགས་དང་ས་ཆ་སྤྱོད་པའི་ཇུས་གཞི་ཇེ་ལེགས་སུ་བཏང་སྟེ་ས་ཆ་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ས་ཆ་བཀོད་སྒྲིག་གི་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། འཕེལ་རྒྱས་དམ་གཉེར་དང་མཉམ་ཤུགས་འགག་སྒྲོལ། ཕྱོགས་བསྡུས་ཇུས་བསྟར་བཅས་བྱས་ཏེ་ལས་གཞི་འཆར་འགོད་དང་ཁོར་ཡུག་ཚད་འཇལ་སོགས་འགྲོ་ལུགས་གཉེར་བའི་གནད་དོན་མཐུན་སྦྱོར་ཐག་གཅོད་ཡག་པོ་བྱེད་དགོས། ལས་མི་བཀོལ་སྤྱོད་དང་ནུས་ཁུངས་བཀོལ་སྤྱོད། ས་ཆ་བཀོལ་སྤྱོད། མ་དངུལ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་གནད་དོན་ཐག་གཅོད་ཡག་པོ་བྱེད་རོགས་བྱས་ཏེ། ལས་གཞི་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། བྱ་བའི་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་ནས་ལས་གཞིར་སྐུལ་འདེད་གཏོང་རིང་ས་ཆ་བསྡུ་བ་དང་བཤིག་སྤོ་སོགས་ཕྱི་རོལ་ཡུལ་གྱི་དཀའ་ངལ་དང་ལས་གཞི་འཛུགས་སྐྲུན་བྱ་བའི་ཁྲོད་ཀྱི་མགོ་ཁྲིད་ལས་བྱེད་པ་དང་འགན་འཁྲིའི་ལས་ཁུངས་ཁ་ཤས་ཀྱིས“སྒྱིད་ལུག་དང་ལེ་ལོ། གཡོལ་ཐབས། ཕྱིར་འགྱངས”སོགས་ཀྱི་སྤྱོད་ཚུལ་ངན་པ་སྤངས་ནས་ལས་གཞི་འཛུགས་སྐྲུན་ལ་གཡས་གཞོགས་གཡོན་འདེགས་བྱེད་དགོས་པར་བསྟན། 



ས་མཐོའི་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་ཀྲང་ཧྲིང་ཡོན་གྱིས་ཕྱུགས་རིགས་སྨན་པའི་ཚོད་ལྟ་ཁང་དང་ཞིང་ལས་ཐོན་རྫས་སྤུས་བཤེར་ལྟེ་གནས།  སྐྱེ་ཁམས་ཕྱུགས་ལས་འགྲེམས་སྟོན་ཁང་།  ནོར་ལུག་ཚོད་ལྟ་ཚད་འཇལ་ཁུལ་བཅས་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་ཏེ་ཕྱུགས་ལས་ཚན་ཞིབ་དང་གྲུབ་འབྲས་གཞན་སྒྱུར། སོན་བཟང་ཁྱབ་གདལ། ཚན་རིག་ཁྱབ་གདལ་དྲིལ་སྒྲོག་དང་ཚན་ཞིབ་ལས་སྟེགས་འཛུགས་སྐྲུན་སོགས་ཐད་ཀྱི་སྙན་ཞུར་ཉན་པ་དང་འབྲེལ་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་ཐད་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་། ཀྲང་ཧྲིང་ཡོན་གྱིས་ཁུལ་ཡོངས་ཀྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་གཏོད་རྒྱུར་གཞི་ཚུགས་ནས་གླིང་ཁུལ་གྱི་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྱེད་ནུས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། ཐོན་ལས་འདྲེན་འགུག་ལ་སྐུལ་འདེད་གཏོང་བ། དོ་དམ་འཁོར་སྐྱོད་ཚད་ལྡན་ཡོང་བ་བཅས་བྱས་ནས་གླིང་ཁུལ་འདི་ཉིད་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ཕྱི་ཕྱོགས་འགྲེམས་སྟོན་གྱི་སྐར་ཁུང་ཞིག་ཏུ་གཏོད་དགོས་ལ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་བར་བརྒྱུད་ས་ཚིགས་དང་སྣེ་ཁྲིད་མཁན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་ཆེན་ཕྱི་ནང་གི་སློབ་གླིང་དང་ཚན་ཞིབ་མཉམ་ལས་བརྗེ་རེས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གསར་གཏོད་ཐོན་ཁུངས་ཀྱི་གསོན་ཤུགས་འདོན་སྤེལ་བྱས་ཏེ་རྫོང་དང་ཞང་། སྡེ་བ། ཁྱིམ་ཚང་བཅས་ཀྱི་ཚན་རྩལ་དཔེ་སྟོན་དང་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གླིང་ཁུལ་གྱི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གསར་གཏོད་དང་དཔེ་སྟོན་རྟེན་གཞི། རྒྱལ་ཁབ་རིམ་པའི་ཆེད་མཁས་པའི་ཞབས་ཞུའི་རྟེན་གཞི་སོགས་ཀྱི་ཞབས་ཞུའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་གླིང་ཁུལ་དེ་ཚན་རྩལ་སྣེ་ཁྲིད་དང་ཐོན་ལས་འདེགས་སྐྱོར་གྱི་གསར་གཏོད་རྟེན་གཞི་དང་སྲིད་དབང་བཙུགས་ནས་ལོ70འཁོར་བའི་ས་མཐོའི་སྐྱེ་ཁམས་ཕྱུགས་ལས་གྲུབ་འབྲས་འགྲེམས་སྟོན་གྱི་སྟེགས་བུ་ཞིག་ཏུ་གཏོད་དགོས་པའི་བླང་བྱ་བཏོན།



མཚོ་སྐོར་ཤར་ལམ་དུ། ཀྲང་ཧྲིང་ཡོན་གྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། མཛེས་ལྗོངས་ལྗང་འགྱུར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་གནང་རྗེས། རྩྭ་ཐང་གི་སྔོ་ཁེབས་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གང་འདོད་དུ་འཛུགས་སྐྲུན་བྱེད་པ་དང་གང་འདོད་དུ་ལྕགས་ར་སྐོར་བ། སྒྲིག་འགལ་ངང་རྩྭ་ཐང་བསྡུ་སྤྱོད་དང་བེད་སྤྱོད་བྱེད་པའི་གནད་དོན་བཅོས་སྒྲིག་བྱེད་དགོས་པ་དང་། ཕྱུགས་འགོག་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་པ། ས་ཁོངས་མི་འདྲ་བའི་རྩྭ་ཐང་ཞན་འགྱུར་བྱེད་ཚད་དང་ཁྱད་ཆོས་ལ་གཞིགས་ནས་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོའི་ལས་གཞི་ཇུས་འགོད་དང་ལག་བསྟར་ཡག་པོ་བྱས་ཏེ་རྩྭ་ཐང་གི་སྔོ་ཁེབས་ཞན་འགྱུར་འདེབས་གསོ་དང་ས་རྒྱུ་སླར་གསོ་བྱེད་ཚད་མགྱོགས་སུ་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བྱ་བ་ཡག་པོ་སྒྲུབ་པ་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། དོ་དམ་ལ་ཤུགས་སྣོན་པ། ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་པ། ཁོངས་གཏོགས་ཀྱི་འགན་ཁུར་དང་ལས་རིགས་ཀྱི་འགན་ཁུར་དོན་འཁྱོལ་ནན་ཏན་བྱེད་པ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་དོན་རྐྱེན་ཁྱོན་ཡོངས་ནས་འགོག་ཟོན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྔོ་ཞིང་གཙང་བའི་རི་ཀླུང་ཆུ་གསུམ་སྲུང་སྐྱོབ་ཡག་པོ་བྱེད་དགོས། ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་ལ་ལས་ཕྱོད་ཆེ་བའི་སྒོ་ནས་གཞུང་ལམ་གཡས་གཡོན་གྱི་སྡོང་འཛུགས་ནགས་སྐྲུན་བྱ་བར་སྐུལ་འདེད་བཏང་སྟེ་ལྗང་མདོག་སྤྱི་འབོར་མང་དུ་གཏོང་རྒྱུར་ཤུགས་སྣོན་པ་དང་རླུང་འགོག་ས་བརྟན་དང་ཁོར་ཡུག་མཛེས་སྒྱུར་བཅས་བྱེད་ནུས་ཇེ་ཆེར་བཏང་ནས་སྤུས་ཚད་མཐོ་བའི་སྒོ་ནས་སྔོ་ལྗང་མཛེས་ལྗོངས་ཀྱི་ལམ་བུ་གཏོད་དགོས་པ་ནན་གྱིས་བསྟན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号