མཚོ་བྱང་དུ་ཐེ་ཝན་གྱི་ཚོང་བ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་འཚོགས།


   ཟླ4བའི་ཚེས25ཉིན། ཞིང་ཆེན་སྲིད་གཞུང་ཐེ་ཝན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་དབྱིན་ཞིག་ལི་ཡིས་ཐེ་ཝན་གྱི་ཚོང་བ6གི་སྣེ་ཁྲིད་དེ་ཡང་བསྐྱར་མཚོ་བྱང་ཁུལ་དུ་བསྐྱོད་དེ་དུས་མགོའི་རྟོག་ཞིབ་གྲུབ་འབྲས་ཐད་སྦྲེལ་མཐུད་བྱས་ནས་ནུབ་མཚོ་གྲོང་རྡལ་དུ་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པར་མཇལ་འཕྲད་གནང་ཞིང་། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པའི་ཐད་བསམ་བློ་བརྗེ་རེས་བྱས།  ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་བཞུགས་མོལ་ཚོགས་འདུར་ཞུགས་ལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་བཟོ་འཕྲིན། མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ། ཞིང་ཕྱུགས། རིག་གནས་ཡུལ་སྐོར། ནགས་ཚལ་རྩྭ་ཐང་། ཁྲོམ་ར་ལྟ་སྐུལ་བཅས་དང་། ཁུལ་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་མ་འཇོག་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

   བཞུགས་མོལ་ཚོགས་འདུའི་ཐོག  ཀྲུའུ་རིན་གཞོན་པ་དབྱིན་ཞིག་ལི་ཡིས་ཐེངས་འདིའི་ཐེ་ཝན་གྱི་ཁེ་ལས་པ་མཚོ་བྱང་དུ་བརྟག་ཞིབ་བྱེད་པར་ཡོ་བའི་དམིགས་ཡུལ་གཙོ་བོ་ངོ་སྤྲོད་བྱས་ཤིང་། ཐེ་ཝན་ཁེ་ལས་པས་དུས་མགོར་མཚོ་བྱང་དུ་བརྟག་ཞིབ་བྱས་པའི་རྨང་གཞིའི་ཐོག མ་འཇོག་བྱེད་རྩིས་ཡོད་པའི་ལས་གཞི་ཁྲོད་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་རེ་བ་དང་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་གནད་དོན། དེ་ལས་གཞན་པའི་གནད་དོན་དག་སྙན་ཞུ་གང་ལེགས་དང་ལྷག་བསམ་ཟོལ་མེད་ངང་བསམ་བློ་བརྗེ་རེས་བྱས་ལ། མདའ་བཞི་རྫོང་དང་རྐང་ཚ་རྫོང་དུ་མ་དངུལ་བཏང་ནས་ཚད་གཞི་མཐོ་བའི་མགྲོན་ཁང་གི་ལས་གཞི་བསྐྲུན་རྒྱུ་དང་། དེ་དང་མཉམ་དུ། རྐང་ཚ་རྫོང་དུ་གངས་ཤུད་ར་བ་སོགས་གངས་འཁྱག་ཡུལ་སྐོར་སྒྲིག་བཀོད་བསྐྲུན་པ།  མ་འཇོག་སྒྱུར་བཀོད་རིམ་སྤོར་བྱེད་རྩིས་ཡོད་པའི་གངས་དཀར་རི་བོའི་མཛེས་ལྗོངས་ཁུལ་གྱི་ལས་གཞི་དེ་རི་འཛེག་དང་མྱུལ་དཔྱད། ཚན་རིག་རྟོག་ཞིབ། ཡུལ་སྐོར། སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་ནུས་མང་ཡུལ་སྐོར་གནས་མཆོག་ཅིག་ཏུ་གསར་འཛུགས་བྱེད་པ་དང་།  མཚོ་བྱང་དུ་ལག་བརྒྱུད་རླངས་འཁོར་ཉོ་ཚོང་གི་ཁྲོམ་ར་ཆེ་གྲས་འཛུགས་པར་འཆར་གཞི་བཟོ་བ་དང་། མཐོན་པོ་སྒང་འདབས་ཀྱི་བྱེ་མ་རྔ་རྡུང་དུ་ཚད་གཞི་མཐོ་བའི་རྒྱལ་ཡོངས་ཀྱི་རླངས་འཁོར་བྱེས་བགྲོད་འགྲན་ལམ་བསྐྲུན་ནས་ལུས་རྩལ་ཡུལ་སྐོར་འགྲན་སྡུར་འཕེལ་རྒྱས་སུ་གཏོང་བ།  གསར་བརྗེའི་རིག་གནས་དང་རྩྭ་ཐང་རིག་གནས། མཚོ་སྔོན་འཇུ་ལག་རྟ་མཆོག་སོགས་བརྗོད་དོན་དུ་བྱས་པའི་གློག་བརྙན་བརྩམས་ཆོས་པར་ལེན་བྱ་རྒྱུའི་འཆར་གཞི་ཡོད་པ། མ་དངུལ་བཏང་ནས་ཁུ་ནུ་རིག་གནས་ཀྱི་གོང་སྨན་རྒྱལ་མོའི་མཆོད་འབུལ་བྱེད་སྒོ་དང་རོལ་དབྱངས་དུས་ཆེན། རྒྱལ་སྤྱིའི་སྙན་ངག་དུས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་བ། འཛུགས་སྐྲུན་བྱེད་རྩིས་ཡོད་པའི་ལས་གཞི་དེ་དག་བདེ་བླག་ངང་ལག་བསྟར་བྱེད་ཆེད། མཚོ་བྱང་དུ་འབྲེལ་ཡོད་སྤྱི་གཉེར་ཁང་ཞིག་འཛུགས་རྩིས་ཡོད་ཅིང་། མཚོ་བྱང་གིས་ས་ཆའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་དུས་མགོའི་འབྲེལ་གཏུག་མཐུན་སྦྱོར། སྲིད་ཇུས་ཞིབ་བཤེར་ཆོག་མཆན་གྱི་བརྒྱུད་རིམ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་བྱེད་པར་རེ་བ་ཆེན་པོ་ཡོད་པར་བསྟན། བཞུགས་མོལ་གནང་སྐབས། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་ཐེ་ཝན་ཚོང་བས་བཏོན་པའི་འབྲེལ་ཡོད་དཀའ་ངལ་དང་གནད་དོན་ལ་ལན་ཧུར་ཐག་གིས་རེ་རེ་བཞིན་ལན་བཏབ། 

  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཐེ་ཝན་ཚོང་བ་དང་ཁེ་ལས་པས་བཏོན་པའི་ལས་གཞི་མ་འཇོག་གི་འདོད་བློ་དང་སྲིད་ཇུས་ཀྱི་སྔོན་དཔག་ལ་རེ་རེ་བཞིན་ལན་བཏབ་པ་དང་། ཁོང་གིས་ཐེ་ཝན་ཚོང་བ་དང་ཁེ་ལས་པས་བཏོན་པའི་ལས་གཞི་དེ་དག་མཚོ་བྱང་གི“243”འཕེལ་རྒྱས་ཀྱི་བཀོད་པ་གསར་བ་དང་། ལྷག་པར་དུ་མགྲོན་ཁང་འཛུགས་སྐྲུན་གྱི་ལས་གཞི་དེས་ས་གནས་དེ་གའི་ཡུལ་སྐོར་གྱི་ཐེག་ནུས་ཆེ་རུ་འགྲོ་ཐུབ་པས། མདའ་བཞི་རྫོང་སྲིད་གཞུང་དང་རྐང་ཚ་རྫོང་སྲིད་གཞུང་གིས་སྦྲེལ་མཐུད་དོན་འཁྱོལ་ཧུར་ཐག་བྱེད་དགོས་པ་ཤིང་། གངས་ཤུད་ར་བ་འཛུགས་སྐྲུན་ལས་གཞི་ཀྱིས་དགུན་དུས་ཀྱི་ཡུལ་སྐོར་ཞན་ཆ་གསབ་ནས་མཚོ་བྱང་གི་གངས་འཁྱག་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་ཐུབ་ངེས་ཡིན་ལ། དགུན་དུས་ཀྱི་ཡུལ་སྐོར་ལས་གཞི་གཉེར་སྐྱོང་དུས་འཁོར་ཐུང་བའི་གནད་དོན་ཐག་གཅོད་བྱེད་ཆེད། གསེར་ཉ་ཡར་འགྲོ་དང་ཆུ་མཛོད། ཆུ་ཚན་སོགས་ལས་གཞི་དང་མཉམ་འདྲེས་བྱས་ནས་ས་ཆ་ནུས་ཆེའི་ངང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གངས་དཀར་ལྗོངས་ཁུལ་ལ་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཡོད་པར་མ་ཟད། ད་དུང་ཀན་སུའུ་དང་མཚོ་སྔོན་གྱི་ཡུལ་སྐོར་སྐོར་ལམ་གྱི་ངེས་པར་བརྒྱུད་དགོས་པའི་ལམ་ཁ་ཡིན་པས། འཇུ་ལག་རྫོང་སྲིད་གཞུང་གིས་གངས་དཀར་རི་བོའི4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་དགོས་ལ། ནུས་ཤུགས་ཡོད་རྒུས་ལག་བརྒྱུད་རླངས་འཁོར་གྱི་ཉོ་ཚོང་ཁྲོམ་ར་ཆེ་གྲས་བཏོད་དེ་མི་སྣ་འགྲོ་འོང་དང་ཟོག་འགྲེམས་མཚོ་བྱང་གཅིག་སྡུད་བྱ་རྒྱུས་སྐུལ་འདེད་བཏང་ནས་མཚོ་བྱང་གི་ཁྲོམ་རའོ་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས། གཞན་པའི་མ་འཇོག་བྱེད་རྩིས་ཡོད་པའི་ལས་གཞི་དག་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པས་ཁུལ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མཐུན་སྦྱོར་གྱིས་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་བཟོ་བ་དང་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་ལས་གཉིས་ཕན་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། འདོད་མཐུན་རང་བཞིན་གྱི་མ་འཇོག་ལས་གཞིར་སྔ་མོ་ནས་སྦྲེལ་མཐུད་དང་སྔ་མོ་ནས་གྲོས་མོལ། སྔ་མོ་ནས་གན་རྒྱ་འཇོག་པ། སྔ་མོ་ནས་མགོ་འཛུགས་པ་བཅས་བྱས་ནས“མཚོ་བྱང་གི་མྱུར་ཚད”གང་ལེགས་སྒོས་མངོན་པ་དང་།  “བུ་རྫི་རྣམ་པའི”ཞབས་ཞུར་བརྟེན་ནས་ཐེ་ཝན་གྱི་ཚོང་བ་དང་ཁེ་ལས་ཀྱིས་མ་འཇོག་བྱེད་པའི་བརྒྱུད་རིམ་ནང་ལྷག་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། མཉམ་ལས་གཉིས་ཕན་གྱི་ཐུན་མོང་ངོས་འཛིན་ཆགས་པ་བཅས་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཁེ་ལས་རྒྱ་ཆེར་གཏོང་བར་རྨང་གཞི་བརྟན་པོ་གཏོང་དགོས་པར་བསྟན།


   ཨ་ཁྱུང་གིས་མཚོ་བྱང་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཁྲོད་ཀྱི་འབྲེལ་ཡོད་བྱ་དགའི་ཁ་གསབ་མ་དངུལ་གྱི་རོགས་སྐྱོར་དང་ས་ཆ་མཁོ་སྤྲོད། ཁྲལ་བསྡུའི་གཟིགས་སྐྱོང་། གློག་ཤུགས་འགན་ལེན་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་རབ་དང་རིམ་པ་ངོ་སྤྲོད་ཞིབ་ཕྲ་གནང་།

   ཐེ་ཝན་ཚོང་བ་དང་ཁེ་ལས་པས་མཚོ་བྱང་གི་ཡུལ་གྲུ་འདིར་ལས་གཏོད་བྱེད་པར་ཧ་ཅང་སྤྲོ་བོ་ཡོད་པ་དང་། མཚོ་བྱང་གི་ཚོང་གཉེར་ཁོར་ཡུག་དང་ཆབ་སྲིད་ཀྱི་སྐྱེ་ཁམས། ཐོན་ཁུངས་བཅས་ཀྱི་དགེ་མཚན་དང་གོ་སྐབས་དམ་འཛིན་བྱས་ཏེ། ཧུར་ཐག་གིས་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བའི་ཁྲོད་ནང་ཞུགས་ཏེ་མཉམ་ལས་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号