འགྱུར་དེབ་གསར་པ། «མཉམ་མེད་ཀའེ་ཚི་པིས།»

ཉེ་ལམ། འཇམ་དབྱངས་བཀྲ་ཤིས་ལགས་ཀྱིས་བསྒྱུར་བའི«མཉམ་མེད་ཀའེ་ཚི་པིས»ཞེས་པ་སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།

བརྩམས་སྒྲུང་འདིར་མི་སྣ་གཙོ་བོ་རྗམ་སི·ཀའེ་ཚི་མངའ་སྡེ་དྷ་ཁོ་ཐ་བྱང་མའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས། ཁོ་ཆུང་དུས་ནས་མི་ཁྱད་པར་བ་ཞིག་བྱ་དགོས་སྙམ་པའི་ཕུགས་འདུན་ཅན་ཞིག་ཡིན།དེ་ནས་རང་གི་བརྩོན་པ་ལ་བརྟེན་ནས་ལོངས་སྤྱོད་དང་གྲགས་པ་རྒྱས་ཏེ། ནམ་ཞིག་ལ་རང་གི་མིང་ཀའེ་ཚི་པིས་ཞེས་པར་བཅོས། ཁོས་དམག་དོན་སློབ་སྦྱོང་བྱེད་སྐབས། ལྷོ་ཕྱོགས་ཀྱི་ཕྱུག་པོའི་བུ་མོ་དྷེ་ཟེས་ཞེས་པ་དང་འགྲོགས་འདྲིས་བྱུང་ཞིང་མོར་ཤིན་ཏུ་དགའ་བར་གྱུར། འོན་ཀྱང་འཛམ་གླིང་འཁྲུག་ཆེན་དང་པོ་བྱུང་བས་ཁོ་གཉིས་གསོན་བྲལ་བྱ་དགོས་བྱུང་། འཁྲུག་ཆེན་རྫོགས་པ་དང་ཁོ་དམག་ཁོངས་ནས་བུད་ནས་ཕྱིར་འོངས་པ་ན། དྷེ་ཟེས་སྔར་ནས་ཕྱུག་པོའི་བུ་བྷོ་ཁན་ནན་ཞེས་པར་བག་ལ་སོང་ནས་གཉེན་སྒྲིག་བྱས་ཟིན། ཀའེ་ཚི་པིས་རང་གི་འདོད་དོན་མ་འགྲུབ་པའི་སྡུག་བསྔལ་དྲག་པོས་མནར་བས་ཀུན་ནས་བསླངས་ཏེ་འབད་འབུངས་ཆེན་པོ་བྱས་མཐར། རིམ་གྱིས་དམག་དཔོན་དབུལ་པོ་ཞིག་ནས་ཕྱུག་པོ་ཆེན་པོ་ཞིག་ཏུ་གྱུར། ཁོས་གསོན་བྲལ་བྱས་ནས་ལོ་ལྔ་ཕྱིན་པའི་དྷེ་ཟེས་འགུགས་ཐབས་འབའ་ཞིག་གི་ཆེད་དུ། གླིང་རིང་གི་གྲོང་ནུབ་མར་སྤྲོ་ཁང་ཆེན་པོ་ཞིག་ཉོས་ནས། མཚོ་ཁུག་ཕ་རོལ་གྱི་གྲོང་ཤར་མར་གནས་པའི་བྷོ་ཁན་ནན་ཚང་ལ་ཁ་གཏད་ནས་བསྡད། མཚན་མོ་དག་ལ་རང་གི་སྒོ་རར་སྒྲོན་མེ་ཁྲ་ལམ་མེ་བ་དཀར་ནས་དགོང་ཚོགས་ཆེན་པོ་འཚོགས་ཏེ། མགྲོན་པོ་མང་པོ་བོས་ནས་ཆང་འཐུངས་ཤིང་དགའ་སྟོན་མཐའ་ཡས་པ་ལ་རོལ་བཞིན་བསྡད་པ་ན།ནམ་ཞིག་དྷེ་ཟེས་དང་ཕྲད་དེ། ཁོས་སྔོན་གྱི་མཛའ་བའི་མེ་རོ་ཕྱིར་གསོ་ཐབས་བྱས་ཀྱང་། དྷེ་ཟེས་ལ་སྔར་དང་མི་འདྲ་བའི་ཁྱད་པར་ཆེན་པོ་བྱུང་འདུག་པ་ཤེས། ཉིན་ཞིག་དྷེ་ཟེས་ཀྱིས་རླངས་འཁོར་བཏང་ནས་རང་གི་ཁྱོ་ག་བྷོ་ཁན་ནན་གྱི་འཁྱུན་བུ་མནན་ནས་བསད་པའི་ལེ་ལན་དེ་བྷོ་ཁན་ནན་གྱིས་ཀའེ་ཚི་པིས་ལ་བཀལ་བས། འཁྱུན་བུའི་ཁྱོ་གས་ཀའེ་ཚི་པིས་བསད། ཀའེ་ཚི་པིས་ཀྱི་པུར་དུར་ལ་འདེབས་པའི་ཉིན་མོར། དྷེ་ཟེས་པུར་སྐྱེལ་རོགས་སུའང་མ་འོངས། བརྩམས་སྒྲུང་གི་མཇུག་ཏུ། གཏམ་རྒྱུད་འདི་ཤོད་མི་དང་བརྩམས་སྒྲུང་ནང་གི་མི་སྣ་ནེ་ཁ་ཞེས་པས། ཕྱུག་པོ་ནི་སྙིང་རྗེ་མེད་ཅིང་གདུག་རྩུབ་ཆེ་བ་དང་མ་རུང་ཁོག་བཅངས་ཀྱིས་འཚོ་བཞིན་པ་རྟོགས་ནས། ནེའུ་ཡོག་ལ་མ་བསྡད་པར་རང་གི་ཕ་ཡུལ་དུ་ལོག

མཉམ་མེད་ཀའེ་ཚི་པིས་ཀྱི་པར་གཞི་ཐོག་མ།

«མཉམ་མེད་ཀའེ་ཚི་པིས»དཔེ་སྐྲུན་འགྲེམ་སྤེལ་བྱུང་ནས་ལོ་བརྒྱར་ལོང་བར་ཉེ་བའི་རིང་ལ།རྩོམ་རིག་དཔྱད་བརྗོད་པ་དང་རྩོམ་པ་པོ་གྲགས་ཅན་མང་པོས་བརྩམས་སྒྲུང་འདིར་གདེང་འཇོག་མཐོན་པོ་བྱས་ཡོད། ཨ་རིའི་སྙན་ངག་པ་དང་རྩོམ་རིག་དཔྱད་བརྗོད་པ་ཨེ་ལེ་ཐས་བརྩམས་སྒྲུང་འདིས“ཨ་རིའི་བརྩམས་སྒྲུང་རྗེམ་སི་ནས་གོམ་གང་སྔོན་དུ་སྤོས”ཞེས་གསུངས་པ་དང་། ཨ་རིའི་རྩོམ་པ་པོ་གྲགས་ཅན་ཧེ་མིང་ཝེ་ཡིས“ཁོང་གི་ཡོན་ཏན་ནི་ཕྱེ་མ་ལེབ་ཀྱི་གཤོག་པའི་རི་མོ་ལྟར་རང་ཆས་སུ་ཡོད་པ་ཞིག་ཡིན”གསུངས་པ་དང་། འཇའ་ཕན་གྱི་རྩོམ་པ་པོ་གྲགས་ཅན་མུ་རཱ་གྷ་མིས་ཧ་རུ་ཁིས་ཀྱིས“ངས«མཉམ་མེད་ཀའེ་ཚི་པིས»མ་བལྟས་ན། ངའི་བརྩམས་སྒྲུང་ནི་དེང་སང་གི་འདི་ལྟ་བུ་མི་ཡོང་། ཅིག་བྱས་ན་ངས་གང་ཡང་བྲིས་མེད་ཤས་ཀྱང་ཆེ”གསུངས་ནས་བསྔགས་པའི་མེ་ཏོག་ཕུལ།ཧྥེ་ཚི་རྗེ་རོལ་དྷ་ཚེ་ལས་འདས་རྗེས། ཁོང་གི་བརྩམས་སྒྲུང་ལ་ཨ་རི་དང་ཡོ་རོབ་དག་ལ་མཐོང་ཆེན་བྱེད་མི་རིམ་གྱིས་མང་བར་གྱུར། ཨ་རིའི་རྩོམ་རིག་དཔྱད་བརྗོད་པ་ཁའོ་ལི་ཞེས་པས«མཉམ་མེད་ཀའེ་ཚི་པིས»ནི་ཨ་རིའི་བརྩམས་སྒྲུང་ཆེས་གྲགས་ཅན་བཅུ་གཉིས་ཀྱི་གྲས་སུ་བཞག་ཡོད། ཨ་རིའི་རིག་གཞུང་ཞིབ་འཇུག་པས་དུས་རབས་སྔོན་མའི་དབྱིན་ཡིག་བརྩམས་སྒྲུང་དྭངས་རྩེ་བརྒྱ་ཐམ་པ་འདེམས་སྐབས། «མཉམ་མེད་ཀའེ་ཚི་པིས»ལ་ཨང་གཉིས་པ་ཐོབ། མདོར་ན། བརྩམས་སྒྲུང«མཉམ་མེད་ཀའེ་ཚི་པིས»ཀྱིས་ཨ་རིའི་རྩོམ་རིག་གི་ལོ་རྒྱུས་སུ་གོ་གནས་མཐོན་པོ་ཟིན་ཅིང་། འཛམ་གླིང་དུ་སྐད་གྲགས་ཤིན་ཏུ་ཆེ་བ་དང་།བརྗོད་བྱ་རྗོད་བྱེད་དང་རྒྱན་སྦྱོར་སྟངས་གང་ཅིའི་ཐད་ལ་རྩོམ་དཔེ་ལྟ་བུའི་ཡོན་ཏན་ཁྱད་པར་བ་ཡོད་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་འདིས་ཀུན་ནས་བསླངས་ཏེ། ཁོ་བོས་ཀྱང་བོད་ཡིག་ཏུ་བསྒྱུར་བའི་ངལ་བ་དང་དུ་བླངས་ནས་ཀློག་པ་པོའི་སྤྱན་སྔར་ཕུལ་བ་ལགས་ན། ལེགས་བྱས་ཕྲ་མོ་འདིའང་བོད་ཡིག་གི་བསྟན་པ་རྒྱས་པའི་རྒྱུར་འགྱུར་བར་སྨོན།

ཞེས་སྒྱུར་བ་བོ་འཇམ་དབྱངས་བཀྲ་ཤིས་ཀྱིས༢༠༢༢ལོའི་ཟླ༡༠པའི་ཚེས༢ཉིན་འབར་ཁམས་སུ་རྫོགས་པར་བྲིས།
བསྒྱུར་པ་པོ་ངོ་སྤྲོད།

འཇམ་དབྱངས་བཀྲ་ཤིས། 1964ལོར་མདོ་སྨད་མཛོད་དགེའི་ཤར་ཕྱོགས་ར་སྔོན་ཞེས་པའི་སྡེ་བར་སྐྱེས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ནས་མཐར་ཕྱིན། ལོ་བཅུ་ལྷག་ལ་སློབ་ཆུང་དང་སློབ་འབྲིང་གི་སྐད་ཡིག་དགེ་རྒན་བྱས། ལོ་ཉི་ཤུ་ལྷག་ལ་སློབ་གསོའི་ཚན་རིག་ཞིབ་འཇུག་དང་རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞིབ་བཤེར་གྱི་བྱ་བ་གཉེར། རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་དུ་མ་སྤེལ། སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་དང་སློབ་ཕྱིའི་ཀློག་དེབ་མང་པོ་སྒྱུར་སྒྲིག་བྱས། ད་ལྟ་རྔ་པ་ཁུལ་སློབ་གསོའི་ཚན་རིག་ཞིབ་འཇུག་ཁང་དུ་བྱ་བ་ལས་བཞིན་ཡོད། བསྒྱུར་རྩོམ་ལ«འཛམ་གླིང་ལོ་རྒྱུས་སྤྱི་བཤད» «མཉམ་མེད་ཀའེ་ཚི་པིས»སོགས་མཆིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号