དགེ་བཤེས་པོ་ཏོ་བའི་ཆིག་ལབ་རིང་མོ། སྨད་ཆ།

དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ། 

ཁ་ཅིག་འདྲ་བ། སྐྱེ་ས་བཟང་བ། ཕྱུག་པ། ཕོ་ཚོད་ཆེ་བ། འདུན་མ་མཁས་པ། ཐབས་ལག་ཆེ་བ། སྦྱོར་བ་བཟོ་བ་དེ་ལ་དགེ་བཤེས་ཀྱང་ཐུགས་ལ་འདོགས། མཆེད་གྲོགས་རྣམས་ཀྱང་རིགས་སུ་ཆེ།

དད་པ་ཅན་འཆི་བས་འཇིགས་ནས་ཆོས་དོན་དུ་གཉེར་བ་རྣམས་ལ་སྲེད་ཅན་བཅོལ་ཆུང་ཡིན་ཟེར། ཁ་ཅིག་སྒོ་ཞན་མདོ་མེད་ཅོལ་ཆུང་ཡིན་ཟེར་ནས། དེ་ལ་གཉེན་འབྲེལ་གྲོགས་བཤེས། མཁན་སློབ་བླ་མ་གྲོགས་མཆེད་རྣམས་ཀྱང་ཕན་མི་འདོགས་ཀྱི་སྟེང་དུ་བརྙས་ཆོས་བྱེད་ཅིང་ཐབས་ཀྱིས་སྤོང་།

ཕོ་ཚོད་དང་ནོར་ཆེ་ལ་འདུན་མ་མཁན། སྒོ་རགས་པོ་དེ་བྱང་ཆུབ་སྒྲུབ་པ་དང་འགལ་བ་ཡིན། ཆོས་བྱེད་དམན་ས་འཛིན་པ། ཚེ་འདིའི་ཁེ་གྲགས་དང་ལོངས་སྤྱོད་དང་། འདོད་ཡོན་ལ་དགྲ་དང་ཉེས་དམིགས་སུ་མཐོང་ཞིང་། ཚེ་འདིའི་འདུན་མ་བློས་བཏང་བ་རྣམས་ལ་གོ་མ་ཆོད་དུ་རིག་ནས་ཕན་མི་འདོགས་ལ། ནོར་ཅན་ཁ་དྲག་སྒོ་རགས་པོ་རྣམས་ལ་འདོགས་པའི་དགེ་བཤེས་དེ་ཡང་གཤའ་མ་མིན།

དགེ་བཤེས་མཚན་ཉིད་དང་ལྡན་པ་ཞིག་ཡིན་ན། ཟང་ཟིང་མེད་པར་འགྲོ་ལ་ཆོས་ནི་སྟོན་བྱེད་ཅིང་། །ཟེར་བས། ཆོས་ཚུལ་བཞིན་དུ་བྱེད་པ་དེ་ལ་ཐུགས་ལ་འདོགས་དགོས་པ་ཡིན།

གྲྭ་པ་བཟང་པོ་བྱ་བ་འཆི་བས་འཇིགས་པ། བརྩོན་འགྲུས་ཅན། ཚེ་འདི་དོན་དུ་མི་གཉེར་བ། ཤེས་རབ་ཅན། ཆོས་ལ་བློ་ཁེལ་བ་དེ་ལ་ཟེར་བ་ཡིན།

ཅི་སྟེ་ན། འོ་སྐོལ་འཁོར་བ་ལས་འབྲོས་པ་ཡིན། རྫོགས་པའི་སངས་རྒྱས་སྒྲུབ་པ་ཡིན། སངས་རྒྱས་ལ་དད་པ་ཅན་ཆོས་དོན་དུ་གཉེར་བ་ཡིན། ཕོ་ཚོད་ཆེ་བ་དང་། ཕོ་སོ་དྲག་པ་དང་། འདུན་མ་མཁས་པས་སངས་རྒྱས་ལས་ཐག་རིང་དུ་འགྲོ་བ་ཡིན།

དེས་ན་དུས་དེ་རིང་ནས་རྫོགས་པའི་སངས་རྒྱས་ཀྱི་སར་འགྲོ་བའི་ཐབས་ལ་མཁས་པ་ཞིག་བྱུང་ན། འདུན་མ་མཁས་པ་ཡང་དེ་ལ་ཟེར་བ་ཡིན། ཕོ་ཚོད་ཆེ་བ་བྱ་བ་ཡང་དེ་ལ་ཟེར་བ་ཡིན། སྦྱོར་བ་བཟོ་བ་བྱ་བ་ཡང་དེ་ལ་ཟེར་བ་ཡིན། ཆོས་པའི་དབང་དུ་བྱས་ན་མཁས་པ་ཡང་དེ་ཡིན། བཙུན་པ་ཡང་དེ་ཡིན། ཇོ་བོ་བཟང་པོ་བྱ་བ་ཡང་དེ་ལ་ཟེར་བ་ཡིན། མྱུར་དུ་སངས་རྒྱས་པའི་ཐབས་དེ་ཁོ་ན། མངོན་པ་ཡང་དེ་ཡིན། མདོ་སྡེ་ཡང་དེ་ཡིན། འདུལ་བ་ཡང་དེ་ཡིན། ཐོས་བསམ་སྒོམ་གསུམ་ཡང་དེ་ཡིན། བྱ་དཀའ་བའི་དཀའ་ཐུབ་ཐམས་ཅད་དང་ནུས་པ་ཕྱོགས་གཅིག་ཏུ་སོང་ནས་སངས་རྒྱས་སྒྲུབ་པ་ཡིན།

འདུལ་བ་ཀ་རི་ཀ་ནས་དཔལ་གསང་བ་འདུས་པ་མན་ཆད་ཀྱི་བཀའ་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀྱང་གང་ཟག་གཅིག་གི་ཆོས་ཡིན། དུས་དང་གནས་སྐབས་འགའ་ཞིག་ལ་དགོངས་ནས་གསུངས་པ་ཡིན། མི་དགོས་པར་གསུངས་པ་འགའ་ཞིག་ཀྱང་མེད།

ཆོས་ཐམས་ཅད་གཅིག་པ་ཡིན། ང་ཅག་གི་ཆོས་དང་། ཁོང་ཅག་གི་ཆོས་བྱས་ནས་གཞན་གྱི་ཆོས་ལ་སྨད་ན། དམྱལ་བར་སྐྱེ་བར་འཕགས་པ་བརྒྱད་སྟོང་པ་ནས་གསུངས། གང་ཟག་སུ་ཐོད་ཐོད་ལ་སྨྲར་མི་རུང་། ཆོས་ཐམས་ཅད་བསམ་པས་བྱེད་པ་ཡིན་པས། ཁོང་ལ་ཐུགས་དགོངས་ཅི་འདྲ་ཡོད་མི་ཤེས།

ཚེ་འདི་པ་ཚོས་བལྟས་པས་ཚེ་འདི་འབའ་ཞིག་སྒྲུབ་པ་འདྲ་ཡང་། ཁོང་ལ་རང་འདོད་གཏན་ནས་མེད་པར་སེམས་ཅན་གཞན་གི་དོན་དུ་ཅི་འགྱུར་བྱེད་པ་ཡོད། སེམས་ཅན་གཞན་གྱི་དོན་བྱེད་པ་སྐད་ཟེར་ནས་རང་འདོད་སྒྲུབ་པ་ཡང་ཡོད། རང་འདོད་སྒྲུབ་པས་གཞན་དོན་དུ་འགྲོ་བ་ཡོད། རང་ཞེ་འདོད་མེད་པ་རང་མི་སྲིད་ཟེར་ན། དེ་རང་གི་བློ་སྐྱོན་ཡིན།

ཁ་ཅིག་ན་རེ། ཆོས་གཤའ་མར་བྱེད་པ་ཁོ་ན་ལ་རང་ནོར་དགོས་པ་ཡིན། རང་ནོར་མེད་ན་གཞན་གྱི་ངོ་བསྲུང་དགོས། རང་ལ་ཡོད་ན་གཞན་གྱི་ངོ་བསྲུང་མི་དགོས་པས། ཀ་ཆ་འདི་ཙམ་རེ་ཆོས་ཀྱི་གྲོགས་ཡིན་ཟེར་ཏེ། དེ་ཀུན་ཀྱང་འཆི་བ་མ་བསམས་ཤིང་། ཆོས་ལ་ངེས་ཤེས་མ་རྙེད་པའི་གཏམ་ཡིན་པས། སྙིང་ནས་རང་འཆི་བ་གཤའ་མ་ཞིག་མ་བསམས་ཤིང་མ་དྲན་ན། ཆོས་རང་མི་འོང་བར་འདུག །འཆི་བ་གཤའ་མ་ཅིག་དྲན་ན་སེམས་ལ་ཚུགས་ཐབས་མེད་པ་གཅིག་ཡོང་བར་འདུག །དེ་ཙ་ན་ཀ་ཆ་ཚགས་བྱེད་སྙིང་གང་ན་འདོད།

ཁ་ཅིག་ན་རེ། མ་ཤིའི་བར་དུ་རང་ཟ་ཤི་ནས་སུ་འདོད་པ་ཁྱེར་ཟེར་ཏེ། བདག་ནི་དེ་ཀ་ལ་ཚེ་འདི་པ་ཟེར་བ་ཡིན། རང་ནོར་ཡོད་པའི་གཞན་གྱི་ངོ་བསྲུང་མི་དགོས་པ་ཀུན་ཆོས་ད་ལྟ་བས་དྲག་བྱེད་པར་གཤའ། རྫོགས་པའི་སངས་རྒྱས་ཙམ་སྒྲུབ་པ་ལ་དཀའ་བ་བག་ཙམ་ཡང་ཁྱད་དུ་བསད་དགོས་ཏེ། ནོར་ཆེན་པོ་གཅིག་ཉོ་བའི་དུས་སུ། རང་གི་ཡང་ནོར་གང་ཡང་རྐང་ཚབ་དང་བསྣོན་ཁ་དང་། ལྟ་ལེ་ཚོང་ཟན་ཐུག་པ་ལ་གཏོང་ཞིང་འདུག་པ། ལར་ཆོས་མང་པོ་ཤེས་པའི་ཁ་ན་ཡང་མི་འདུག །གདམས་ངག་ཟབ་མོའི་ཁ་ན་ཡང་མི་འདུག །བླ་མ་བཟང་པོ་གཅིག་དང་མཇལ་ནས་རང་སེམས་ཆོས་སྐུར་འགྲོ་བའི་ཞད་དུ་འདུག །

བླ་མ་བཟང་པོ་འཚོལ་བའི་དུས་ད་ལྟ་ཡིན་པ་ལ། ཁ་ཅིག་ན་རེ། བླ་མ་དེའི་དྲུང་དུ་འགྲོ་བ་གང་ན་འོང་། དེ་བས་སྒིམ་རྫུས་བཏབ་ན་རང་གྲག་ཟེར་བའི་མི་ཡང་མང་པོ་འོང་བར་འདུག །བླ་མ་བཟང་པོ་དང་མཇལ་བ་ལ་ཚོགས་དཔག་ཏུ་མེད་པ་བསག་དགོས་པར་འདུག་པ། ད་ལ་བླ་མ་མི་འཚོལ་བར་རྫུས་ནས་བསྡད་པས་གང་ན་འོང་། བླ་མ་བཟང་པོ་མཇལ་ན་བླ་མའི་བྱིན་རླབས་ཀྱིས་རང་ལ་ཏིང་ངེ་འཛིན་སྐྱེ། དེས་སེམས་རྟོགས་ནས་སངས་རྒྱ་བ་ཡིན་ཏེ། ལ་ལ་སངས་རྒྱ་བ་བས་མིས་མི་འཕྱ་ཙམ་ལ་དགའ་བར་འདུག །

ལར་འདུན་མ་མཁས་པ་དང་ཕོ་ཚོད་ཆེ་བས་ཆོས་མི་འོང་། ཆོས་ནི་དད་པ་དང་བརྩོན་འགྲུས་དང་ཤེས་རབ་ལ་རག་ལས་པ་ཡིན།

དགེ་བའི་བཤེས་གཉེན་ཞིག་གི་སྤྱན་སྔར་ཚོགས་པ་ཚོ་ཡང་བློ་སྣ་ཆོས་ལ་ཅི་འགྲོ་ལ་ཚོགས་པ་ཞིག་དགོས་པ་ཡིན། འདུན་མ་སུ་མཁས་དང་། ཕོ་ཚོད་སུ་ཆེ་དང་ཁྲམ་སུ་ཆེ་ལ་ཚོགས་པ་མིན།

དགེ་བའི་བཤེས་གཉེན་ཞིག་གིས་ཆོས་ཟབ་མོ་ཐུགས་ལ་བཏགས་པ་ལ། ཐུགས་ལ་བཏགས་པར་མི་བྱེད་པར། ཟང་ཟིང་བྱིན་ན་ཐུགས་ལ་བཏགས་པར་བྱེད་པ་འདུག་པ། ད་ལྟ་བླ་མ་དང་གདམས་ངག་འཚོལ་བ་ལ་འཕྱ། མི་གཅིག་ལ་བུ་ལོན་ཁལ་གཉིས་འོང་མ་རྩ་ན་འདུག་པའི་ཤ་ཚ་རུ་རེ་བ་ཀུན་གྱིས་ཀྱང་། ཁྱོད་ཀྱི་དེ་པ་ལ་ཨེན་ཅིག་འོང་གིན་འདུག་པས། དེ་ལ་ཁྱོད་རང་འགྲོ་དགོས་ཟེར། དེའི་བར་ཁང་པ་ངས་བསྲུང་གིས་ཟེར་ཏེ་ནོར་བ་ཡིན་ནོ། །

ཕུན་སུམ་ཚོགས་པ་ཐམས་ཅད་ཞལ་གྱིས་བཞག་ནས། རང་གཅིག་པུ་འགྲོ་བ་འདི་བདེན་ནམ་མི་བདེན་ཆ་མེད་པའི་ལོ་རྒྱུས་ཐོས་པ་ནི་མིན། ད་ལྟ་མངོན་སུམ་དུ་མིག་ཅེར་རེ་བར། ཐམས་ཅད་ལིངས་ཀྱིས་བཞག་ནས་འགྲོ་ཡིན་འདུག་པ་འདི་སྤྱང་པོ་ཕོ་ཚོད་ཅན་དང་། འདུན་མ་མཁན་ཀུན་གྱིས་ཀྱང་མ་ཚོར་བར། རྒད་པོ་ལོ་བརྒྱད་ཅུ་ལོན་པ་ཀུན་གྱིས་ཀྱང་ད་དུང་ཚེ་འདིའི་འདུན་མ་བྱེད་པར་འདུག །

མི་ཕུག་ཐེས་མེད། འཕྲལ་སྐྱིད་བྱེད་པ་ཀུན་ལ་ཡང་མདོ་མེད་གཅིག་འདུག །རྒས་ཁར་སྐྱིད་པ་མི་འོང་ཟེར་ན། ཚེ་འདིའི་འདུན་མ་འབའ་ཞིག་བྱས་ན་ཚེ་ཕྱི་མ་ལ་དེ་བས་ཀྱང་སྐྱིད་པ་མི་འོང་།

ཁ་ཅིག་ན་རེ། འཆི་བ་གྲོས་ལ་མ་གཏོགས་པ་ཡིན་ཟེར་ཏེ། ཤི་བ་གྲོས་ལ་མ་གཏོགས་ན་མི་འཆི་བའི་བསམ་པ་འབའ་ཞིག་ཡིན་ཏེ། ཚེ་འདིའི་རྣམ་རྟོག་འབའ་ཞིག་ཏུ་སོང་བ་ཡིན་པས། དེ་རིང་འདི་ཙུག་བྱ། སང་འདི་ཙུག་བྱ། སང་ཕོད་འདི་ཙུག་བྱ། རྒས་ཁར་འདི་ཙུག་བྱ་སྙམ་པ་ཚེ་འདིའི་རྣམ་རྟོག་འབའ་ཞིག་ཡིན། ཆོས་པ་ཀུན་གྱིས་དེ་ལས་ཟློག་ནས་མི་འཆི་བ་གྲོས་ལ་མ་གཏོགས་པ་གཅིག་དགོས་པ་ཡིན། དེ་ཙ་ན་འཆི་ཆས་བྱེད་པ་འོང་བ་ཡིན།

རང་འཆི་བའི་དུས་སུ་བློ་བདེ་བ་གཅིག་དགོས། ཚེ་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་བཞག་ནས་འགྲོ་བར་འདུག་པས། ཆོས་པའི་མི་མཐུན་ཕྱོགས་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ཡིན་ཏེ། ད་ལྟ་འཇིག་རྟེན་པ་ལ་ཡིད་སྨོན་གཏོང་བར་འདུག །ཁོང་ཡང་ཚུར་ལ་ཡིད་སྨོན། འཇིག་རྟེན་པ་དང་མི་མཐུན་པ་བྱ་བ་ཁོང་ལ་ཡིད་སྨོན་མི་གཏོང་བར་ཁོང་དང་རྒྱབ་ལོག་པ་ལ་ཟེར་བ་ཡིན། ཆུང་མ་མ་བླངས་པ་གཅིག་པུས་མི་ཕན། འཇིག་རྟེན་ཆོས་བརྒྱད་ལས་གོ་ཟློག་དགོས་པ་ཡིན།

བསོད་ནམས་བསགས་པ་བྱ་བ་ཡང་བློ་ཆོས་སུ་འགྲོ་བ་ལ་ཟེར་བ་ཡིན། མི་རྩིས་ཆེ་བ་དང་། གོས་བཟང་བ་ལ་ཟེར་བ་མིན། ནད་དུ་མཛེ་བྱུང་། མིག་ལོང་། རྐང་ལག་ཆད་དེ། དུག་པོ་ཧྲུལ་པོ་སྦྱར་བས་མི་སུམས་པ་ལས་མེད་ཀྱང་བློ་ཆོས་སུ་འགྲོ་བ་དེ་ལ་བསོད་ནམས་བསགས་པ་བྱ་བ་ཟེར་བ་ཡིན།

ད་ལྟ་མི་ཀུན་ནོར་བསོག་མཁས་པ་ལ་ཕོ་མོ་རང་མདོག་ཅན་དུ་བྱེད་པར་སྣང་སྟེ། ནོར་བསགས་ནས་ཤི་བ་མང་པོ་མཐོང་། ནོར་བསོག་པ་བྱོལ་སོང་གིས་ཀྱང་ཤེས་ཏེ། བྱི་བས་གྲོ་མའི་མཛོད། སྦྲང་མས་སྦྲང་རྩི། བྲ་བས་རྩྭའི་བྲགས། བྱ་རྣམས་ཀྱིས་རང་རང་གི་ཚང་སྟན་ཚང་རྩི་དགའ་དགའ་འདྲ་བ་བསོག་པ་ཙམ་ཤེས། དེ་བས་སྦྱིན་པ་བཏང་ན་ཡི་དྭགས་སུ་མི་སྐྱེ་བ་དང་། འགྲོ་བ་གཞན་དུ་སྐྱེས་ཀྱང་དབུལ་པོར་མི་འགྱུར་བར་འཕགས་པ་སྡུད་པ་ནས་གསུངས།

རྒས་ཁའི་འདུན་མ་བྱེད་པའི་བསྔགས་པ་བརྗོད་པའི་ཚོད་ཀས། དུས་གཏན་གྱིས་སོ་ནམ་ཆོས་ཚུལ་བཞིན་བྱེད་པ་ལ་འབད་ཐང་། ལར་ཆོས་གོ་ལོ་ཟེར་བ་ཡང་སངས་རྒྱས་སྒྲུབ་པའི་ཐབས་ལ་མཁས་པ་ལ་ཟེར་བ་ཡིན། ཚིག་གི་ཁ་ན་མེད། ལམ་རྒྱུས་མཁས་པ་བས་ལམ་ལ་ཞུགས་ནས་འགྲོ་བ་དགའ་བ་ཡིན། ད་ལྟ་རང་ནས་ཉམས་སུ་མ་བླངས་ན། གྲབས་བྱས་ནས་སྒོམ་སྙམ་ཡང་གྲབས་ལ་ཚར་དུས་མི་འོང་། མི་ཚེ་གྲབས་ལ་འཛད།

ཁ་ཅིག་ན་རེ། སྔགས་དང་འདུལ་བ་འགལ་ཟེར་ཏེ། དེས་མ་གོ་བ་ཡིན། སྔགས་ཀྱི་རྟེན་དུ་མི་རུང་བ་ཞིག་བྱུང་བ་ན་དེ་འདུལ་བ་མིན། འདུལ་བ་དང་འགལ་བ་གཅིག་བྱུང་ན་དེ་གསང་སྔགས་མིན་པའི་རྟགས་ཡིན།

སྟོན་ཐོག་འདོན་པ་ལ་རེས་ཞིང་ལ་ཆུ་གཏོང་། རེས་རྨོས་ནས་ཁག་མ་བྱེད་དེ། དེ་དག་ཀྱང་ནུས་པ་ཕྱོགས་གཅིག་ཏུ་སྡེབས་ནས་ཁག་མ་ལ་སྟོན་ཐོག་འདོན་པ་ཡིན།

ཆོས་མང་པོ་ཤེས་པའི་དགེ་བཤེས་ཀུན་ལ་ཁ་སྲེད་མང་པོ་འོང་བར་འདུག་པས། དེ་དག་ཀྱང་དང་པོ་འཆི་བས་འཇིགས་ནས་ཆོས་མ་བྱས་པར། ཚེ་འདི་ལ་མིས་མ་འཕྱ་ཙམ་དང་། མིས་རྩིས་ཆེ་བ། སྟོན་པ་ཟེར་བའམ། གནས་བརྟན་ནམ། དགེ་སློང་ངམ། དགེ་བཤེས་ཟེར་བ་ཞིག་བྱ་དགོས་སྙམ་ནས་ཐོས་བསམ་བྱས་ལ། ཤེས་ནས་ཀྱང་སྡེ་དགོན་གྱི་གཉེར་དང་ཉེ་གནས་བྱས་ལ་ཐམས་ཅད་ཀྱིས་ངའི་ངོ་བསྲུང་བ་དང་། ཡང་བསྙེན་པར་རྫོགས་པ་བྱས་ལ་བཙུན་བཙུན་བཞིན་བྱས་པས་ཐམས་ཅད་ཀྱིས་ཆོས་པ་ཡིན་ཟེར་བ་དང་། ཡང་དང་པོ་སྡེ་སྣོད་ཀྱི་ཐོས་པ་ཅུང་ཟད་བྱས། དེ་ནས་མན་ངག་ཀྱང་ཅུང་ཟད་ཐོབ། སྒོམ་སྒྲུབ་བྱེད་ལོ་བྱས་ཏེ་བཟང་ཐབས་སྣ་ཚོགས་ཀྱི་སྒོ་ནས་གཞན་ཐམས་ཅད་ཀྱི་གྲལ་མགོ་ཐོབ་པར་བྱས་ལ། དགེ་བཤེས་པ་ངོ་མཚར་ཅན་ཡིན་ཟེར་བའི་འདུ་ལོང་བུན་ནེ་བ། གྲགས་པ་དིར་རི་བ་ལ་དམིགས་པའི་དགེ་བཤེས་ལ་སོགས་གང་ཡང་འཁོར་བ་ལས་ཐར་བའི་རྒྱུ་རྐྱེན་མེད།

དུག་ལྔའི་གཉེན་པོར་མ་གྱུར་པའི་ཆོས་མཁས་པའི་སྟོན་པས་ཅི་བྱེད། སྨན་གྱིས་མ་གསོས་པའི་ནད་གང་གིས་གསོ་བར་ནུས། རང་གི་ཞེ་འདོད་མ་ཟད་ཅིང་། ལས་འབྲས་ལ་ཡིད་ཆེས་གཏིང་ནས་མ་སྐྱེས་པའི་གཉེར་དང་ལས་ཁ་བཟང་བར་གྲགས་ཀྱང་ཅི་བྱེད། ཕྱི་མ་ངན་སོང་དུ་སྐྱེས་ན་བྱས་ཡུས་སུ་ལ་འཚོང་། འཁོར་བ་དང་འདོད་ཡོན་ལ་ཞེན་པ་མ་ལོག་པའི་བཙུན་ཚུལ་གྱིས་ཅི་བྱེད། གཤིན་རྗེའི་ལས་ཀྱི་མེ་ལོང་ལ་མགོ་སྐོར་སུས་ཐོངས། བྱང་སེམས་གཞན་ཕན་གྱི་བསམ་པ་ཅུང་ཟད་ཀྱང་མེད་པའི་ཆོས་བརྒྱད་རང་འདོད་ཀྱི་དགེ་བཤེས་ཀྱིས་ཅི་བྱེད།

ལས་ལོག་རྣམ་སྨིན་གྱི་སྡུག་བསྔལ་མྱོང་ཙ་ན་སྐྱོ་རོགས་ཞབས་ཏོག་སུ་ལ་འཆོལ་ཏེ། དེ་ལྟར་མི་སེམས་པར་ཚེ་འདིའི་འདོད་ཡོན་དང་ཆེ་ཐབས་ཤ་སྟག་བྱེད་པ་མིན་པ། ཆོས་རང་གཞན་གྱི་རྒྱུད་ལ་ཅི་སྐྱེ་དང་། བློ་སྣ་ཅི་ཐུང་དང་། ཅི་འགྱུར་མ་བྱས་པས་ལན་པ་ཡིན།

འཕགས་པ་རྟག་ཏུ་ངུ་བཞིན་དུ་སངས་རྒྱས་མིན་པ་ཅི་ཡང་མི་འདོད་པ་ཞིག་དགོས་པ་ཡིན། གཙོ་བོ་ཚེ་འདི་ལ་བྱས་ནས་ཆོས་ཞོར་ལ་བྱས་པས་མི་འོང་སྟེ། ཉན་མཁན་མེད། འཆི་བ་མ་དྲན་ན་ཚེ་འདིའི་ཁེ་གང་ཆེ་བྱེད་པར་འདུག །རང་གི་འདུན་མ་རྩིས་སུ་མ་བྱུང་ན་བླ་མའི་བཀའ་ཡང་བཅོག་ནུས་པར་འདུག །རང་ལ་ཚེ་འདི་ལ་ཁེ་ཞིག་འོང་འོང་འདྲ་ན། དད་པ་ཆེ་ཆེ་ཙུག །བླ་མ་ལ་གུས་གུས་ཙུག །གཏིང་ནས་རང་ཚིག་པ་ཟ་བར་འདུག །

དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ཟེར་བ་དེ་གཅིག་པུས་ཀྱང་ཆོག་མོད། མི་ཀུན་ཡང་ཆ་ཡོད། ཆོས་དོན་དུ་གཉེར་བ་ཙམ་མི་འདུག །མི་ཆོས་མཁས་པ་ལ་ཆོས་པའི་བསོད་ནམས་རེ་བར་འདུག །གཏིང་ནོར་ས་ཆེན་པོ་ཡོད་དེ་མིས་མ་གོ །སྙིང་རྗེ་བར་འདུག་སྟེ། ཚེ་འདི་ལས་བློ་མ་ལོག་ན་རྒས་ཁར་སྡུག་གིས་དོགས་ནས་སྦྱིན་པ་གཏོང་མ་ནུས།

ཚུལ་ཁྲིམས་བསྲུང་བ་ལ་ཡང་འདོད་པ་མེད་པ་ཞིག་དགོས་ཏེ། རྒས་ཁར་སྡུག་གིས་དོགས་ནས་འདོད་པ་འོང་། དེས་ན་ཚེ་འདིའི་འདོད་པ་མ་སྤངས་པར་ཚོགས་མི་རྫོགས་པས། ཚེ་འདི་བློ་ཡིས་ཐོངས་པ་གལ་ཆེ། ཞེས་པའི་གཏམ་ལན་གསུམ་བསྐྱར་བ་ཡིན། ཆོས་ཀྱི་འགག་ཐམས་ཅད་དེ་ན་ཡོད། འཁོར་འདས་ཀྱི་ཤན་ཐམས་ཅད་དེ་ནས་འབྱེད་དགོས། དུས་གཏན་གྱི་འདུན་མའི་མགོ་ཐམས་ཅད་འདི་ན་ཡོད། ཉེས་པའི་མགོ་ཐམས་ཅད་ཀྱང་འདི་ནས་གནོན། བདེ་ལེགས་ཐམས་ཅད་ཀྱི་རྨང་ཡང་འདི་ནས་འཛུགས་དགོས་པས། ཚེ་འདིའི་རྣམ་རྟོག་སྤང་བ་འདི་གལ་ཤིན་ཏུ་ཆེ། མི་སྤང་བའི་སྐབས་རང་མེད། སྡུག་ཏུ་འཇུག་པ་ཐམས་ཅད་ཀྱང་འདི་ཡིན་པས་འདི་ཅིས་ཀྱང་རང་སྤང་དགོས།

འོ་སྐོལ་ཆོས་པ་ཀུན་མི་ཆོས་ཙ་ན་ནོར་རྫས་ལ་ཞེན་པ་ཆུང་བ། ཉེ་འབྲེལ་ལ་རྩིས་གདུང་ཆུང་བ། ལས་དང་བྱ་བ་ལ་བློ་མི་འཇུག་ལ་བྱེད་སྙིང་མི་འདོད་པ་གཅིག་ཡིན་ཡང་། ཆོས་སྒོར་ཞུགས་ནས་མི་ཆོས་ཀྱི་འདུན་མ་ད་གཙོ་བོ་ཁོས་བྱེད། ཞིབ་ཏིག་དང་སེར་སྣ་ལ་ཁོས་སླེབས། གཞན་གྱི་ནུས་པ་མེད་པ་ཞིག་གིས་ཀྱང་བྱ་གཏོང་། ཁ་གཏོང་། ཐན་སྐྱེལ། ཐ་ན་བང་ཆེན་ཚུན་ཆད་བྱེད་པར་འདུག །

ལོངས་སྤྱོད་ལ་ཞིབ་ཏིག་ཆེར་སོང་ནས། ཚོང་ཡང་གཞན་པས་དཀའ་བའི་ཚོད་ཅིག་ཏུ་འགྲོ་བར་འདུག །བྱེད་པ་ཆོས་བྱེད་དུ་བཅུག་ནས་དྲན་པ་ནོར་དྲན་ཏེ། མ་བཅོལ་བའི་ལས་འབའ་ཞིག་བྱེད་པར་འདུག་སྟེ། འདི་ཡང་འཆི་བ་མ་བསམ་པས་ལན་པ་ཡིན།

ཆོས་ཚུལ་བཞིན་དུ་བྱས་ན་དགྲ་ཐམས་ཅད་ཀྱི་ཡང་སྙིང་དུ་སྡུག །ཉེ་འབྲེལ་ཐམས་ཅད་ཀྱི་སེམས་ཀྱང་དེས་ཟིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་དེ་ལ་བྱིན་གྱིས་རློབས། བླ་མ་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་ཐུགས་ཀྱང་དེས་ཟིན།

རང་གི་འདུན་མ་ཐམས་ཅད་ཀྱང་ལྷ་དང་ཆོས་སྐྱོང་རྣམས་ཀྱིས་བྱེད་པས། བསམ་པ་ཐམས་ཅད་ཀྱང་ཡིད་བཞིན་དུ་འགྲུབ་པར་འོང་བ་ཡིན། དེ་བས་ན་རང་གི་སེམས་ཆོས་སུ་འགྲོ་བ་ཁོ་ན་གནད་ཆེ་བར་གོ །བཀའ་སྡེ་སྣོད་ཐམས་ཅད་ཀྱང་སེམས་གཅིག་པུའི་སྟེང་དུ་སྤུང་ཤེས་པ་གཅིག་དགོས།

ད་ལྟ་ཟླ་བོ་ཐམས་ཅད་པས་མཉམ་པོ་བས་ཀྱང་ལྷག་པ། རང་མགོ་མཐོ་ལ་དྲག་པ་ཚོ། ད་ལྟ་མགོ་མཐོ་མཐོ་འདྲ་ཡང་དེ་དག་ཀྱང་ངེས་པར་འཆི་ལ། ཤི་ཙ་ན་ཁྱད་གཅིག་འོང་བ་ཡིན། འུབ་ཀྱིས་བསྡུས། ཧྲིལ་གྱིས་དྲིལ་བ་ལ་འཆི་ཁར་མི་འགྱོད་པ་ཞིག་དགོས།

འཆི་ནད་ཀྱིས་ཐེབས་ཏེ་དེར་མི་ཐར་བར་ཤེས་ཙམ་ན། བདག་འདི་ལྟར་འཆི་ཁོངས་སུ་མ་བཅུག །འདི་བས་གྲག་ཙམ་ཞིག་བྱར་ཡོད་པ་ཡིན་པ་ལ་དྲེ་བོ་ད་རེས་མ་ཤི་ན་ད་ཆོས་གཤའ་མ་ཞིག་རང་བྱེད་དེ་ཟེར་ཙ་ན་འུ་ཐུག་པ་ཡིན་པས། དེ་བས་ད་ལྟ་འདོད་པའི་མེ་འབར་བས་ཕན་མེད། འཁོར་བར་འཁྱམས་པ་དང་སངས་རྒྱ་བའི་ཁམས་ཡོད་པ་ཡིན་པས། ཚེ་དུམ་འདི་ཇི་ལྟར་ཡང་འཛད་ངེས། དེས་ན་ཚེ་འདི་བློས་བཏང་ལ་ཆོས་གཤའ་མ་ཞིག་རང་བྱ་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号