སྨོན་ལམ་མཐོན་པོའི་སྟེང་གི་འདན་མའི་ལུག་ཁྱུ།

རྐང་ཚའི་རྟ་མགྲིན།

དེ་ཡང་། གླིང་གེ་སར་རྒྱལ་པོས་ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་ཅིང་ཧོར་གྱིས་འཕྲོགས་པའི་གླིང་གི་གཏེར་ཟོག་ཐམས་ཅད་རྟ་དང་མཛོ་སོགས་ལ་བཀལ། ཤན་པ་ཁྱི་བཞིན་ཁྲིད་དེ་ཆིབས་ཁ་གླིང་ལ་བསྒྱུར།

 ཁྲ་མོ་གླིང་གི་ཡུལ་མི་རྣམས་ལ་གེ་སར་ཕྱིར་ལོག་པའི་སྐད་འབྱོར་བས་རྡོ་རྟ་ལུང་བའི་སུམ་མདོར་གཞིས་བྱེས་ཉི་ཟླ་ཁ་སྤྲོད་ཀྱི་ཚུལ་དུ་བསུ་སྟོན་བྱེད་དུས། གླིང་གེ་སར་རྒྱལ་པོའི་ཕུ་བོ་རྒྱ་ཚ་ཞལ་དཀར་བཀྲོངས་པའི་སྒྲིབ་སྦྱོང་དང་སྡིག་བཤགས་བྱེད་ཕྱིར། ཤན་པ་མི་གྲལ་དུ་མ་བཞག་པར་སྒར་མཐའ་རུ་སྲ་ཞིང་མཁྲེགས་པའི་རྡོ་ཕ་བོང་ཞིག་ལ་ལྕགས་ཐག་འདོམ་པ་དགུས་བཏགས་ནས་ཡོད་པར། ཁྲོ་ཐུང་གིས་ཤན་པའི་མགོ་ལ་ཐལ་ལྕག་ཅིག་བཞུས། ལུས་ལ་རྡོག་གཡུག་འགའ་བརྒྱབ། ངོ་ལ་མཆིལ་ཞགས་ཤིག་བཏབ་ནས་འདུག་མི་བཟོད་པའི་བརྙས་བཅོས་བྱས། ཤན་པས་གནས་ཚུལ་ཐང་རྩེ་ལ་བརྒྱུད་གེ་སར་རྒྱལ་པོར་ཞུས་ཏེ་ཁྲོ་ཐུང་དང་སྐྱ་འཛིང་བྱ་བའི་གནང་བ་དགོས་ཚུལ་བཤད། གེ་སར་རྒྱལ་པོས་སྲས་དགྲ་ལྷ་དང་གླིང་གི་བློན་ཆེན་རྣམས་ཀྱི་ཐུགས་དགོངས་འཁྲུགས་པར་བསམ་ནས། དེང་ཐོག ཁྱོད་སེར་པོ་ཧོར་དཔོན་བློན་ཚོས་གླིང་དཀར་པོའི་ཕ་གཞིས་གཏོར། ལྷག་པར་དུ་རྒྱ་ཚའི་དབུ་བཅད་ནས་མཁར་ཐོག་ལ་བཙུགས། ལས་མ་བྱས་པ་གཅིག་ཀྱང་མེད། ད་དུང་དེས་སྙིང་མི་ཚིམ་པར་ད་ཤན་པས་ཨ་ཁུ་ཁྲོ་ཐུང་ལ་བརྡུང་དགོས་ཟེར་བ་ཨེ་རེད། རང་ཚོད་ཟིན་ན་བཟུང་གསུངས་ཀྱང་ཤན་པ་དང་ཁྲོ་ཐུང་གཉིས་ལས་ལན་པ་ཁྲོ་ཐུང་ཆེ་བས། ཤན་པ་ལྕགས་ཐག་འདོམ་པ་དགུས་རྡོ་ཕ་བོང་ལ་བཏགས་ཡོད་པ་ལས་ཐར་ནུས་ན། སྐྱ་འཛིང་བྱ་ཆོག་པའི་བཀའ་གནང་ཐོབ་པས། ཤན་པས་གསིག་འཐེན་གཅིག་གིས་རྡོ་ཕ་བོང་གཡག་རོ་ཙམ་དེ་དང་ལྕགས་ཐག་འདོམ་དགུ་ཐར་སེ་གཏོར། ལག་གཡས་པས་ཁྲོ་ཐུང་གི་རལ་བས་བཟུང་། གཡོན་པས་ཨག་ཚོམ་ནས་བཟུང་སྟེ་ཁྲོ་ཐུང་ལ་གཅར་རྡུང་དྲག་པོ་བྱས་པ་ན། འདན་མ་ཐུགས་ཁྲོས་ནས་ཤན་པར་འཐབ་རྩིས་བྱས་ཤིང་། གླིང་གེ་སར་རྒྱལ་པོས་རྒྱ་ཚ་ཞལ་དཀར་ཤན་པས་བསད་པ་ལྟ་བུར་གྱུར་བ་དེ་སྔོན་བསགས་ཀྱི་ལས་ཡིན་ལ། ཤན་པ་ཧོར་དུ་སྐྱེས་ཀྱང་གླིང་ལ་བློ་དཀར་བ་མ་ཟད། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་འཛིན་མིར་དགོས་པས་གསོད་མི་རུང་བ་མ་ཟད་གླིང་གི་དཔའ་ཐུལ་གྱི་གྲས་སུ་འཇོག་དགོས་ཚུལ་བཤད།

དེར་འདན་མ་མ་དགའ་བར་གེ་སར་དང་ཚིག་རྩོད་དྲག་པོ་བྱུང་ནས་ན་རེ། མ་ངན་འགོག་བཟའི་བུ་སྡུག་ཇོ་རུའི་ཁྲག་ཧུབ་གང་མ་འཐུང་ན་འདན་མ་མིན་ཞེས་མནའ་བོར་ཏེ་གླིང་དང་བྲལ་ནས་སོང་བ་ན། གེ་སར་རྒྱལ་པོས་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་རྣམས་ལ་འཕྲིན་བཅོལ་མཛད་སྟབས། འདན་མའི་འགྲོ་ལམ་དུ་ཁ་བ་མདའ་ཚད་བཅོ་བརྒྱད་ཕབས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལུང་བསྟན་གནང་ནས། འབུམ་པའི་རྒྱ་ཚ་ཞལ་དཀར་ལྷ་ཡུལ་ནས་གླིང་ཡུལ་དུ་ཕེབས་རྒྱུ་ཡིན་པས་འདན་མ་འཁོར་བཅས་ཕྱིར་གླིང་དུ་ལོག་དགོས་གསུངས་པས་ཕྱིར་ལོག དེ་ནས་རྒྱ་ཚ་ཞལ་དཀར་བདེ་བ་ཅན་ནས་གླིང་ལ་ཕེབས་ཤིང་ཚ་ཞང་འདན་མ་དང་སྲས་དགྲ་ལྷ་སོགས་གླིང་གི་ཕུ་ནུ་རྣམས་ལ་ཡིན་ལུགས་ཀྱི་བསླབ་བྱ་གནང་བས་ཐམས་ཅད་འགྲིག་མཐུན་བྱུང་ཞིང་ཤན་འདན་སྟག་སེང་ཁ་སྤྲོད་ཀྱིས་གེ་སར་རྒྱལ་པོ་ལ་གྲོགས་བྱས་ཏེ། འཕྲིན་ལས་རྫོགས་ཤིང་གླིང་གི་དཔའ་ཐུལ་རྣམས་རེ་རེ་བཞིན་བདེ་བ་ཅན་ལ་ཕེབས་ཀྱང་། ཚ་ཞང་འདན་མ་ནི་མནའ་སྡིག་གིས་བདེ་བ་ཅན་དུ་འགྲོ་མ་ནུས་པར་དགུང་ལོ་བརྒྱད་ཅུར་བུད་དེ་མིག་ཀྱང་གསལ་བོ་མེད་པར་ལུག་འཚོས་ནས་བསྡད། 

ཉིན་ཞིག་གི་དགོང་ཁར། ཚ་ཞང་འདན་མས་སྨོན་ལམ་མཐོན་པོའི་སྲིབ་ངོས་སུ་ལུག་ཁྱུ་མར་ཕབ་སྐབས། གེ་སར་རྒྱལ་པོས་ཚ་ཞང་འདན་མའི་མནའ་སྡིག་ལེན་ཆེད། སྤྱང་ཀི་ཞིག་ཏུ་སྤྲུལ་ནས་ལུག་ཁྱུར་བརྒྱུགས་པ་འདན་མས་ཚོར་ནས། འཇག་མའི་གཞུ་སྟེང་དུ་རྩྭ་ཡི་མདའ་ཞིག་སྤྲད་དེ་འཕངས་ལ། དེ་སྤྲུལ་བའི་སྤྱང་ཀིར་ཕོགས་ནས་ཁྲག་དམར་ཙར་ཙར་བཞུར་བར་འདན་མས་ཁྲག་དྲོན་མོ་དེ་ཧུབ་གང་འཐུང་བ་དང་གེ་སར་གྱིས་རང་གཟུགས་བསྟན་ནས། ངས་བློན་ཆེན་ཁྱེད་ཀྱི་མནའ་བླངས་པ་ཡིན། ཞེས་བཤད་པར་འདན་མར་ཡིད་འགུལ་ཆེན་པོ་ཐེབས་ནས་མིག་ཆུ་བཞུར།

ངག་རྒྱུན་ལ། སྨོན་ལམ་མཐོན་པོའི་རི་མགོ་ཤིན་ཏུ་བརླན་པའི་ན་ཡིན་པ་དེ་འདན་མའི་མིག་ཆུ་བཞུར་བས་ཡིན་པ་དང་། སྲིབ་ངོས་ཀྱི་རྡོ་གོར་མོ་དག་ནི་འདན་མའི་ལུག་ཁྱུ་ཡིན་པར་བཤད་དོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号