གློག་བརྙན《གསའ》ཡི་ཟབ་ཚད། 

རྐ་ཕུག་བསོད་རྡོ།

བོད་བརྙན་གྱི་སྲོལ་འབྱེད་དུ་འབོད་པའི་སྒྱུ་རྩལ་པ་ཁོང་རང་།

སྒྱུ་རྩལ་འཚོལ་སྙེག་དང་གསར་སྐྲུན་གྱི་བར་གསེང་ཞིག་ནས།

རང་ལ་མི་དབང་བའི་གཡར་མའི་སྲོག་གི་རྣམ་ཤེས།

ལྷ་ལྡན་ཞིང་གི་གངས་རི་ལ་འཐིམ་སོང་བའི་ལོ་དེར།

རྩོམ་འཕྲོར་ལུས་པའི་གངས་རིའི་རྣམ་ཤེས་གསའ་ལགས།

རེ་ཞིག་མི་ཡུལ་འདིར་དྭ་ཕྲུག་ཏུ་ལུས་སོང་བ།

འཛམ་གླིང་སྡེ་འབངས་ཡོངས་ལ་གསལ།


འཆི་བདག་ལ་སྙིང་རྗེ་མེད་རུང་།

མི་ཡུལ་དུ་བརྩེ་བ་མཆིས།

དགེ་སྦྱོར་གྱི་ས་བོན་བཏབ་ན།

རྣམ་དཀར་གྱི་འབྲས་བུ་སྨིན་པ་ཆོས་ཉིད་ལྟར།


སྒྱུ་རྩལ་གྱི་ཡབ་ཆེན་མ་བཞུགས་པའི“འཇིགས”སྣང་།

ཞུམ“མེད”ཀྱི་དཔའ་དང་སྤོབས་པ་རུ་བསྒྱུར་ཏེ།

དམ་པ་ཁོང་གི“འཕྲིན་ལས”མུ་རུ་བསྐྱངས་ཤིང་།

 

དུས་རབས་ཀྱི་ཟིང་ལོང་རྒོད་པའི་དེ་རིང་།

འཛམ་གླིང་གི་གཟིགས་མཁན་ཡོངས་ཀྱི་སྤྱན་ལན་དུ་བསྟར།


གསའ་ལ་བདག་པོ་ཡོད་པའི་དེ་རིང་།

གསའ་ལ་ལྟ་མཁན་མང་བའི་དེ་རིང་།

གསའ་ལ་གླེང་བརྗོད་ཆེ་བའི་དེ་རིང་།

གངས་རིའི་བོད་བརྙན་གྱི་གཟུགས་ཚབ་པ་ཁྱེད་རང་།

གངས་རིའི་བྱང་ཁོག་ནས་དྲོད་ཁོལ་ངང་གཟིམས་ཆོག


སྟོད་ཀྱི་གངས་དཀར་ཏི་སེ་ནས།

སྨད་ཀྱི་ཞི་བདེ་རྒྱ་མཚོའི་བར། 

ཤར་གྱི་མ་ཧ་ཙི་ན་ནས།

ནུབ་ཀྱི་ཡོ་རོབ་གླིང་ཆེན་བར།

ཁྱེད་ཀྱིས་བརྗོད་གཞི་བཟོས་པའི་གསལ་ལ།

མི་སུམ་ཅུར་བསམ་པ་སུམ་ཅུ་དང་།

མཛོ་སུམ་ཅུར་རྭ་ཁ་དྲུག་ཅུའི་དཔེ་ལྟར།

མི་རིགས་རིས་མེད་དང་།

ལས་རིགས་ཁྱད་མེད།

ཆེད་ལས་འདྲ་མིན། 

དད་མོས་གཅིག་མིན་སོགས་ཀྱི་རྐང་གཉིས་ཚོགས་ཀྱིས།

བརྙན་ཡོལ་གྱི་ངོ་གདོང་དང་།

འཁྲབ་སྟོན་གྱི་རྩལ་སྤྲུགས།

འགལ་ཟླ་དང་ཁ་གཏད་ཀྱིས་དམར་ཁྲིད་གླེང་མཁན་མང་ལ།

གཏམ་རྒྱུད་ཀྱི་བརྗོད་སྙིང་ལ་དམིགས་ཏེ།

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་གླེང་མཁན་མང་།

དགོས་མཁོ་གང་ཞིག་གི་སླད་དུ།

དེང་གི་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་བརྗོད་མཁན་ཡོད་ལ།

སྦྱིན་པའི་ཐོད་བརྒལ་གྱི་འཁྲབ་རྩལ་དང་།

ཟོལ་མེད་ཀྱི་གཉུག་གཤིས་གླེང་མཁན་དེ་བས་མང་།


དེ་དག་ཚང་མ་ནི་གསའ་ཡིས་ང་ཚོར་བཞག་པའི་གླེང་གཞི་ཡིན་ལ།

སྒྱུ་རྩལ་པ་ཁོང་གིས་ང་ཚོར་བཞག་པའི་བསམ་གཞིག་ཡིན།

ཐད་མཐོང་གི་བསྐྱར་ཟློས་ཀྱི་ལབ་གླེང་མང་ཞིང་།

ཡིག་ཚོགས་ཀྱི་འགྲོ་སྒོའི་ནང་དོན་གཅིག་ལ་རྨོངས་ཡོད་པའི་སྐབས་འདིར།

ཁོ་བོས་དམིགས་སུ་བསལ་ཏེ་གཅིག་གླེང་ན་འདོད་པ་ནི།

སྒྱུ་རྩལ་བརྩམས་ཆོས་གསའ་ཡི་ཐད་མཐོང་དང་།

ངོ་གདོང་ཁོ་ནའི་འཁྲུག་ཆ་ལ་མ་བལྟོས་པར།

རྩོམ་རིག་སྟེ་སྒྲུང་གཏམ་གྱི་གྲུབ་རྐྱེན་གསུམ་གྱི་ཟབ་ཚད་དང་།

འཁྲབ་གཞུང་གི་དམིགས་བསལ་ཟབ་ཚད་གསུམ།

གློག་བརྙན་སྒྱུ་རྩལ་གྱི་དམིགས་བསལ་ཁྱད་ཆོས་གསུམ།

སྒྱུ་རྩལ་པ་ཁོང་གི་གློག་བརྙན་གསར་རྩོམ་གྱི་གཞི་རྩ་བཅས་ལ་གཞིགས་ན།

དང་པོ་སྟེ། སྒྲུང་གཏམ་གྱི་གྲུབ་རྐྱེན་གསུམ་ལས།

མི་སྣའི་སྣང་བརྙན་བཞེངས་སྐྲུན་རྩེར་སོན་ཞིང་།

དོན་གྱི་བྱུང་རིམ་ཛ་དྲག་གིས་མིག་མཐའ་མཆི་མས་བརྣངས།

ཁོར་ཡུག་སྟེ་འཁྲབ་ཡུལ་གྱི་བཀོད་པ་རི་མོ་མཁན་གྱི་པིར་རྩེ་ལས་འཁྲུངས་པ་དང་གཉིས་སུ་མེད།


གཉིས་པ་སྟེ། འཁྲབ་གཞུང་གི་དམིགས་བསལ་ཟབ་ཚད་ལས།

བརྗོད་གཞིའི་ཟབ་ཚད་གོ་ལ་ཅན་ཐུན་མོང་གི་ལས་དབང་དང་།

གཏམ་རྒྱུད་ཀྱི་ཟབ་ཚད་མིའི་རིགས་ཐུན་མོང་གི་དཀའ་ངལ།

ནང་དོན་གྱི་ཟབ་ཚད་དད་མོས་ཅན་གྱི་ཁ་བའི་ལྗོངས།


འགལ་འབྲེལ་འདི་དག་གི་ཁྲོད་དུ།

དོན་དམ། 

སུ་ཞིག་གིས་སུ་ཞིག་གི

འཇིག་རྟེན་གྱི་ལྷིང་འཇགས་དཀྲོགས་ཏེ།

ཕན་ཚུལ་བར་ལ་འགལ་ཟླ་ཤོར་ཞིང་།

གཟུ་བོ་འཚོལ་དཀའ་བའི་སྐྱོ་གར་གྱི་གཏམ་རྒྱུད་ལས།

མི་ལན་པ་ཡིན་ནམ་གསའ་ལན་པ་ཡིན་པའི་དྲིས་ལན་རྙེད་དཀའ།

འདི་ནི་དམ་པ་ཁོང་གིས་གསའ་ཡི་གསར་རྩོམ་ལ་ཆེད་དུ།

བློས་བསླངས་བྱས་པའི་དམིགས་བསལ་ཁྱད་ཆོས་སོ། །


གསུམ་པ་སྟེ། སྒྱུ་རྩལ་གྱི་དམིགས་བསལ་ཁྱད་ཆོས་གསུམ་ལས།

རིག་གནས་རང་བཞིན་མཐོན་པོ་གངས་ལས་བརྗིད།

མཛེས་རྩལ་རང་བཞིན་སྨིག་རྒྱུའི་གྲོང་དང་འདྲ།

ལག་རྩལ་མཚོན་ཐབས་འཛམ་གླིང་གྲལ་དུ་ཚུད།


མཐའ་མཇུག་ལ།

བོད་བརྙན་གྱི་སྒྱུ་རྩལ་པ་ཁོང་གི་གློག་བརྙན་བརྗོད་གཞི་ལ་ཕྱིར་མིག་ཅིག་འཕངས་ཏེ།

སྤྱི་སྡོམ་གྱི་སེམས་ཚོར་རྨ་མེད་པ་ཞིག་ཞུས་ན།

དང་པོ་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ནས།

བར་གྱི་ལག་དམར་སོགས་དང་།

མཐའ་མཇུག་གི་གསའ་བཅས་ཀྱི་བརྗོད་གཞི་རུ།

བོར་དུ་མེད་པའི་དད་མོས་ཀྱི་དམུ་ཐག་སྟེ།

སྟོན་པའི་ན་བཟའ་བཀླུབས་པ་གང་དེ། 

བརྩམས་ཆོས་རེ་རེའི་ཁྲོད་ཀྱི་མཐོ་རླབས་སུ་བཞག་ཡོད་པ།

སེམས་ཀྱིས་བལྟས་ཏེ་བློ་ཡིས་དཔྱད་ན།

དད་མོས་ཅན་དང་རང་ཚུགས་ཅན་ཞིག་གི་ལས་ཀྱི་རྩོལ་བ།

ནམ་ཡང་མ་འགྱུར་བ་དང་མ་བོར་བར་ཡོད་པ་ནི།

ཉམ་ཆུང་ཡང་གཅེས་སུ་འོས་པའི་མི་རིགས་འདིའི། 

ལས་ཀྱི་བྱ་ར་བ་ཞིག་གི་སྙིང་སྟོབས་ཅི་ལ་མིན་ཨང་སྙམ་པ་དེའོ། །


2024ལོའི་ཟླ4པའི་ཚེས13ཉིན་གྱི་མཚན་མོར།   

         གཏེར་ལེན་ཁའི་རང་ཤག་ནས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号