གོམས་གཤིས་འདི་དག་རྒྱུན་འཁྱོངས་གནང་ན་དོན་སྙིང་ཆེན་པོ་འདུག


རྩིས་ཐོ་འགོད་པ།

ཁྱེད་རང་ནས་རང་ཉིད་ཀྱི་དངུལ་གང་དུ་བཏང་མིན་གསལ་པོ་ཤེས་དུས།  ཕྱོགས་གང་དག་ལ་དངུལ་ངེས་པར་དུ་གཏོང་དགོས་པ་དང་ཕྱོགས་གང་དག་ལ་དངུལ་གཏོང་དགོས་མེད་པ་དེ་གསལ་པོ་ཤེས་ཀྱི་རེད།

འཆར་གཞི་བཟོ་བ།

ཉིན་ལྟར་མལ་ནས་ལངས་རྗེས། སྔོན་ལ་ཉིན་དེའི་འཆར་གཞི་བཟོས་ནས་བསྒྲུབ་དགོས་པའི་དོན་དག་ཁག་གལ་ཆེ་ཆུང་ལ་གཞིགས་ནས་གོ་རིམ་སྒྲིག་དགོས་པ་དང་། ནང་དོན་གཅིག་པའི་དོན་དག་མཉམ་དུ་བསྒྲུབ་དགོས། ད་ལྟར་གནང་ཚེ་ལས་ཆོད་ཀྱང་མཐོ་རུ་གཏོང་ཐུབ་ཀྱི་རེད།

བསྔགས་བརྗོད་མང་ཙམ་བྱེད་པ།

ཉེ་འཁོར་མིའི་དགེ་མཚན་ལ་བསྔགས་བརྗོད་མང་ཙམ་དང་། ཡར་རྒྱས་བྱུང་རིམ་ལ་བསྔགས་སྐུལ་བྱེད་པ། འཚོ་བའི་ཁྲོད་ཀྱི་མཛེས་སྡུག་ལྡན་པའི་ཆ་ལ་བསྔགས་བརྗོད་མང་ཙམ་བྱེད་དགོས་ལ། རང་ཉིད་ལ་དབང་བའི་ཡོད་ཚད་ལ་དྲིན་ཚོར་གྱི་རྣམ་འགྱུར་ཐོག་ནས་ལྟ་སྟངས་ཡང་དག་འཛིན་ན་བདེ་སྐྱིད་ལྡན་པའི་འཚོ་བ་དང་སྤྲོ་སྣང་གི་སེམས་ཁམས་ཤིག་ལོས་ཡོང་།

འཛུམ་མདངས་སྟོན་པ།

ང་ཚོས་རྒྱུན་དུ་འཛུམ་དམུལ་དམུལ་གྱི་རྣམ་འགྱུར་བསྟན་ན་ཡོད་ཚད་དྲོ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་ཐུབ། སྒོས་སུ་འཛུམ་མདངས་བསྟན་རྒྱུ་དེ་ཡང་ཡ་རབས་ཀྱི་སྤྱོད་བཟང་ཞིག་ཡིན་པས། རྒྱུན་དུ་རྣམ་འགྱུར་དེ་རིགས་རྒྱུན་འཁྱོངས་གནང་ན་ང་ཚོར་བདེ་སྐྱིད་རེ་སྙེག་བྱེད་པའི་ནང་བསམ་ཡུལ་འདས་པའི་ཕན་པ་ཐོན་སྲིད།

དཔེ་ཀློག་རྒྱུན་འཁྱོངས་བྱེད་པ།

ཉིན་ལྟར་ལས་བྲེལ་ག་ཚོད་ཆེ་རུང་། དཔེ་ཀློག་ཆུ་ཚོད་ཕྱེད་ཀ་གནང་དགོས། དཔེ་ཀློག་ལ་གོམས་ན་ཤེས་བྱ་མང་པོ་ཁོང་དུ་ཆུད་ཐུབ་ལ། མིག་རྒྱང་དང་བྱ་དངོས་ལ་འཛིན་པའི་ལྟ་སྟངས་ཀྱང་ཡངས་སུ་སོང་ནས་ཁྱེད་རང་གི་ཤེས་འདོད་ཆོས་ཅན་གྱི་སེམས་པར་སྐུལ་སྤེལ་ཐུབ་སྟེ་ཤེས་བྱ་རིག་པའི་གནས་ལ་འཚོལ་སྙེག་བྱེད་པའི་གོམས་གཤིས་ཀྱང་སྐྱེད་བསྲིང་བྱེད་ཐུབ། 

གཉིད་ཡག་པོ་ཁུག་པ།

རང་ཉིད་གྲུང་ཤ་དོད་དུ་གཏོང་དགོས་དགོངས་ན། སྔོན་ལ་གཉིད་ཡག་པོ་ཁུག་ཐུབ་པ་གནང་དགོས་པ་དང་།  གཉིད་ཁུག་ཁར་ཁ་པར་གཏན་ནས་རྩེད་གནང་རྒྱུ་མེད། འཚོ་བའི་ནང་གི་སེམས་ངལ་མང་པོ་ཞིག་ཀྱང་གཉིད་ཡག་པོ་ཁུག་ན་སེལ་ཐུབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号