རྡོ་རྗེ་ཚེ་བརྟན་གྱི《བྲག་དཀར་གཡུ་རྫོང་།》དང་སྲོལ་རྒྱུན་བར་གྱི་ཞིབ་བསྡུར།

 བསྟན་པ་ཡར་འཕེལ།

(ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། 2020ལོའི་ཞིབ་འཇུག་སློབ་མ།)

     བསྟན་པ་ཡར་འཕེལ། (1997−)ཕ་ཡུལ་མདོ་སྨད་རྐང་ཚ། ནུབ་བྱང་མི་རིགས་སློབ་ཆེན་ནས་ཤེས་རམས་པ་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། སྔ་རྗེས་སུ《གེ་སར་ཞིབ་འཇུག༢༠༢༠》དང《གངས་དཀར་རི་བོ།》《མང་ཆུ།》《རྔ་བའི་གསར་འགྱུར།》སོགས་སུ་དཔྱད་རྩོམ་དང་ལྷུག་རྩོམ། བསྒྱུར་རྩོམ་བཅས་རྩོམ་ལུས་མི་འདྲ་བའི་རྩོམ་ཡིག་སྐོར་ཞིག་སྤེལ། ༢༠༢༢ལོར 《གངས་དཀར་རི་བོ།》 དུས་དེབ་ཀྱི་ལོ་འཁོར་རྩོམ་རིག་བྱ་དགའ་ཐོབ།

     [ནང་དོན་གནད་བསྡུས།]  གེ་སར་སྒྲུང་ཡིག་ལ་སྒྲུང་དཔེ་མང་པོ་ཡོད་པ་དང་། སྒྲུང་དཔེ་རེ་རེར་ཡང་པར་གཞི་མི་འདྲ་བ་ཡོད་པ་སྟེ། པར་གཞི་རེ་རེར་ཡང་སྲོལ་རྒྱུན་གྱི་སྒྲུང་དཔེ་དང་སྒྲུང་དཔེ་ལྷད་མ་སོགས་ཀྱི་དབྱེ་བ་ཡོད། དེས་ན་དཔྱད་རྩོམ་འདིར་རྡོ་རྗེ་ཚེ་བརྟན་གྱི《བྲག་དཀར་གཡུ་རྫོང་།》ཞེས་པའི་སྒྲུང་དཔེ་འདི་ཉིད་སྲོལ་རྒྱུན་སྒྲུང་དཔེའི་ཁྱད་ཆོས་དྲུག་དང་སྦྱར་ཏེ་དཔྱད་པ་བརྒྱུད། སྲོལ་རྒྱུན་གྱི་སྒྲུང་དཔེ་དང་སྒྲུང་དཔེ་ལྷད་མ་གཉིས་ཀྱི་ཁྱད་པར་འབྱེད་ཚུལ་དང་སོ་སོའི་རིན་ཐང་ལ་དཔྱད་བརྗོད་བྱས་ཡོད།

     [བརྡ་ཆད་གཙོ་བོ།]  གེ་སར་སྒྲུང་། སྒྲིག་གཞི། སྒྲུང་དཔེ་ལྷད་མ།

   དེང་སྐབས་ཚང་མས་གེ་སར་སྒྲུང་ནི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་ཡིན་ཞིང་། གེ་སར་སྒྲུང་ལ་བཤད་ནས་ཚར་རྒྱུ་མེད་ཅེས་བརྗོད། གེ་སར་རྒྱལ་པོ་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་ཆ་ཚང་གེ་སར་སྒྲུང་ལ་སྦྱོར་ཞིང་སྲོལ་རྒྱུན་གྱི་སྒྲུང་དཔེ་དང་དེང་རབས་ཀྱི་སྒྲུང་དཔེ་ལ་ཁྱད་པར་ཡེ་ནས་མི་འབྱེད། དེའི་རྐྱེན་གྱིས་དངོས་གནས་གེ་སར་སྒྲུང་ནི་བཤད་ནས་ཚར་རྒྱུ་མེད་པ་ལྟ་བུ་ཞིག་ཆགས་ཡོད། ཡིན་ནའང་དེ་ནི་ཤིན་ཏུ་མ་ལེགས་པ་ཞིག་དང་མི་འོས་པ་ཞིག་ཡིན་ཏེ། རང་རེའི་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ཉིད་ནི་མགོ་མཇུག་དང་བྱུང་རིམ་ཡོད་པ་ཞིག་ཡིན། དེས་ན་གོང་གི་སྣང་ཚུལ་དེ་ནི་གེ་སར་སྒྲུང་གི་སྤྱིའི་ཆིངས་སམ་སྤྱིའི་འགྲོ་སྟངས་དང་དེའི་ཁྱད་ཆོས་མ་ཤེས་པས་ལན་པ་རེད། གེ་སར་སྒྲུང་ལ་གཞན་དང་མི་འདྲ་བ་ཁྱད་ཆོས་དྲུག་བརྩི་རྒྱུ་ཡོད་དེ། “ཁྱད་ཆོས་དྲུག་ནི་གེ་སར་སྒྲུང་གི་གླུ་དང་། གཏམ་རྒྱུད། ཚོ་བ་ཤོག་པ་བཅས་ཀྱི་ནང་དོན་སྒྲིག་གཞི་དང་། འདོན་རྟ་དབྱངས། བརྡ་རྙིང་། ཚིག་སྦྱོར་བཅས་ཀྱི་སྐད་ཆའི་སྒྱུ་རྩལ་ལས་བྱུང་བའི་ཐུན་མོང་གི་ཁྱད་ཆོས་ཡིན། ཁྱད་ཆོས་དེ་དྲུག་ནི་གེ་སར་སྒྲུང་སྤྱི་ཁོག་གི་སྒྲིག་གཞི་ཡིན།” ཞེས་པ་ནང་བཞིན་གེ་སར་སྒྲུང་དཔེ་ངོ་མ་ཞིག་ཡིན་ཕྱིན་ཁྱད་ཆོས་དེ་དག་ཚང་དགོས་པ་ཞིག་ཡིན་ནོ། །

དང་པོ། སྒྲུང་དཔེ་དང་རྩོམ་པ་པོ་ངོ་སྤྲོད།

《༄༅།།འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་བྲག་དཀར་གཡུ་རྫོང་ཕབ་པའི་རྟོགས་བརྗོད་གནམ་ལྕགས་བཞད་པའི་སྒྲ་དབྱངས།》ཞེས་པ་འདི་ནི་རྡོ་རྗེ་ཚེ་བརྟན་གྱིས་བརྩམས་ཤིང་། 1998 ལོའི་ཟླ5 པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་ཞིག་རེད། སྒྲུང་དཔེ་འདིར་གེ་སར་རྒྱལ་པོས་བྲག་དཀར་གཡུ་རྫོང་ཞེས་པའི་རྫོང་ཆེན་ཞིག་ཕབ་པའི་སྐོར་བརྗོད་འདུག  སྒྲུང་འདིའི་རྩོམ་པ་པོ་རྡོ་རྗེ་ཚེ་བརྟན་ནི་སྨིན་དབུས་པོ་དང་ཨ་ལེ་སོགས་དང་འདྲ་བར་སྒྲུང་དཔེ་གསར་བ་རྩོམ་མཁན་ཞིག་རེད་འདུག་སྟེ། 1988 ལོར་ཡང་《ཧོར་སེར་འགྱོད་པའི་མིག་ཆུ།》བརྩམས་ཞེས་ངོ་སྤྲོད་དུ་གསལ། སློབ་གྲྭ་ཆུང་འབྲིང་རིམ་པར་བཏོན་མྱོང་ཞིང་། 1987 ལོར་མཚོ་སྔོན་སློབ་གསོའི་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས་རྨ་ལྷོ་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་བྱས། 1988 ལོར་རྫོང་ནོར་སྲིད་ཅུའུ་རུ་ལས་སྤོར་བྱས་ཏེ་སྲིད་ཀྱི་བྱ་བ་གཉེར་བ་ཞིག་རེད། དེས་ན་ཞོལ་ནས་རྩོམ་འདིའི་དཔྱད་བྱ་གཙོ་བོ《བྲག་དཀར་གཡུ་རྫོང་》འདི་ཉིད་སྲོལ་རྒྱུན་གྱི་སྒྲུང་དཔེའི་ཁྱད་ཆོས་དྲུག་དང་སྦྱར་ཏེ་དཔྱད་པར་བྱ།

གཉིས་པ། སྲོལ་རྒྱུན་གྱི་སྒྲུང་དཔེའི་ཁྱད་ཆོས་དྲུག་དང་སྦྱར་བའི་ཞིབ་བསྡུར།

གཅིག གླུ་ཚིག

རང་རེའི་གེ་སར་སྒྲུང་ལ་མཚོན་ན་བཅད་ལྷུག་སྤེལ་མའི་རྩོམ་ལུས་ཀྱིས་བྲིས་ཡོད་ཅིང་། དེ་ལས་གླུ་ཚིག་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། སྒྲུང་གི་ནང་དོན་མང་ཆེ་བའང་གླུ་ཡིས་ཟིན་ཡོད། དེའི་རྐྱེན་གྱིས་གླུ་ལ་མཚོན་ན“གེ་སར་སྒྲུང་གི་གླུ་ཚིག་ལ་སྒྲིག་གཞི་ཡོད་དེ། གླུ་ཕལ་ཆེར་ཞིག་ལ་སྒྲུང་གླུའི་གསལ་བཤད་དང་། མཆོད་བརྗོད་དམ་གསོལ་འདེབས། མཚམས་སྦྱོར་རམ་ངོ་སྤྲོད། ནང་དོན་གཙོ་བོ། དཔེ་ཆགས་འཇོག མཇུག་སྡུད་པ་བཅས་ཀྱི་གོ་རིམ་དྲུག་ཚང་ནས་ཡོད།” ཅེས་པ་ནང་བཞིན་གོ་རིམ་དེ་དག་སྒྲུང་དཔེ་ངོ་མ་ཞིག་ཡིན་ཕྱིན་བརྩི་སྲུང་བྱ་དགོས། སྒྲུང་དཔེ་འདིར། གླུ་ལྔ་བཅུ་ང་གསུམ་ཡོད་པ་ཚང་མར་རྣམ་པ་དེ་དག་ཚང་བས། གླུའི་སྒྲིག་གཞི་གང་དེར་རྩོམ་པ་པོས་བརྩི་སྲུང་ལེགས་པོར་བྱས་འདུག

གཉིས། གཏམ་རྒྱུད།

གེ་སར་སྒྲུང་ནི་བཙན་པོ་གཉའ་ནས་གནོན་པ་དང་གཉོམ་ཆུང་འདབས་ནས་སྐྱོང་བའི་སྒྲུང་ཞིག་ཡིན་པས། སྒྲུང་དཔེ་གསར་རྙིང་གང་ཡིན་ཡང་ཆོས་ཉིད་འདི་དང་འགལ་མི་རུང་། སྒྲུང་དཔེ་འདིར་ཡང་བྲག་དཀར་གཡའ་མ་སྔོ་ཞུག་ཅེས་བྱ་བའི་ཡུལ་ན་བྲག་དཀར་རྒྱལ་པོ་སེང་གེ་རྒྱལ་གྱི་ཁུ་བོ། ཐེའུ་རང་གི་བུ་སྐལ། མུ་སྟེགས་ཨ་བ་ར་མགོ་ཞེས་བྱ་བ་ཞིག་ཡོད་ཅིང་། ལྷ་དབང་ཕྱུག་བསྒྲུབས་ནས་གྲུབ་པ་བརྙེས་ཏེ་མུ་སྟེགས་པའི་གྲོགས་སུ་གྱུར་པས་དཀར་པོ་ཆོས་དང་། སྒོས་སུ་ཁྲ་མོ་གླིང་ལ་གནོད་བྱེད་པའི་བདུད་ཅིག་བཏུལ་བ་དང་བསྟུན། བྲག་དཀར་གཡུ་རྫོང་ལ་དམག་དྲངས་ཏེ་བྲག་དཀར་རྒྱལ་པོ་སེང་གེ་རྒྱལ་བཏུལ་བའི་གཏམ་རྒྱུད་ཅིག་བཤད་ཡོད། དེས་ན་འདིར་ཡང་གེ་སར་རྒྱལ་པོ་མཆོག་ལ་ལྷ་གླུ་གཉན་གསུམ་གྱིས་སྡོངས་གྲོགས་མཛད་དེ་བདུད་དང་མུ་སྟེགས་བོན་པོ་བཅས་པ་བཏུལ་བ་ཞིག་བརྗོད་འདུག་པས་སྤྱིའི་འགྲོ་རིམ་དེ་སྲོལ་རྒྱུན་གྱི་སྒྲུང་དང་མི་མཐུན་པ་ཆེན་པོ་མེད།

ཡིན་ནའང་གཏམ་རྒྱུད་བྱུང་རིམ་གྱི་ཆ་ནས་སྲོལ་རྒྱུན་གྱི་སྒྲུང་དཔེ་དང་མི་མཐུན་ས་མང་སྟེ། དཔེར་ན། 1འོམ་བུའི་ཨ་ནུ་དཔའ་སེང་དང་དར་འཕེན་དུག་གི་སྡོང་བོ། ཆོས་འགྲུབ་གཉིས་མཉམ་དུ་ཡོད་པ་འགྲིག་མེད། དེ་གསུམ་མཉམ་དུ་ཡོང་ཐབས་བྲལ་ཏེ། འོམ་བུའི་ཨ་ནུ་དཔའ་སེང་ཁོང་སྟག་གཟིག་ནོར་རྫོང་ནང་བཀྲོངས་ཟིན་པ་དང་། དར་འཕེན་དུག་གི་སྡོང་བོ་ཁོང་སྟག་གཟིག་ནོར་རྫོང་སྐབས་སུ་གླིང་ནས་སྐུ་འདས་ཞིང་། ཆོས་འགྲུབ་ནི་བྱེ་རི་བྱུར་རྗོང་ཕབ་རྗེས་གླིང་དུ་འོངས་པའི་ཕྱིར་དེ་གསུམ་མཉམ་དུ་འདུས་ཐབས་མེད། ད་དུང་དར་འཕེན་ལ་བུ་གངས་ལྷ་གཟི་རྒོད་ཅེས་པའི་བུ་ཡོད་པ་དང་། དེ་ཉིད་བྲག་དཀར་གྱི་གཤེད་བདུད་མི་སྤྱང་ལག་རིང་གིས་བཀྲོངས་པ་ཞིག་བྲིས་འདུག་པས་དེའང་འགྲིག་མེད། དར་འཕེན་ལ་བུ་དེ་འདྲ་ཞིག་ཡོད་རབས་སྲོལ་རྒྱུན་གྱི་སྒྲུང་དཔེ་གང་དུའང་མེད།

2  “ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱིས་རྟ་འདོ་བ་ཁྱུང་གཤོག་ལྡེམ་པའི་གོང་ནས་ཡ་ཟི་སྐར་ཕྲན་དགུང་ལ་འཕྱར་ནས” ཞེས་དགྲ་ལྷ་རྩེ་རྒྱལ་གྱི་བཅིབས་པ་རྟ་འདོ་བ་ཁྱུང་གཤོག་ལྡེམ་པ་ཡིན་ཞེས་བྲིས་ཡོད་པ་དེའང་མི་འགྲིག་སྟེ། རྟ་འདོ་བ་ཁྱུང་གཤོག་ལྡེམ་པ་ནི་ཨ་ཁུ་ཁྲོ་ཐུང་གིས་སྟག་གཟིག་ནས་བརྐུས་པའི་རྟ་དེ་ཡིན་པས་སྟག་གཟིག་ནོར་རྫོང་མ་ཕབ་པར་རྟ་དེ་ཐོབ་ཐབས་མེད། སྟག་གཟིག་ནོར་རྫོང་ཕབ་རྗེས་ཡིན་ཞེ་ན་སྟག་གཟིག་ནོར་རྫོང་སྐབས་སྐུ་གཤེགས་པའི་དཔའ་ཐུལ་དག་བྲིས་ཡོད་པས་འགལ་བ་དེ་དག་གསལ་བཤད་བྱེད་ཐབས་བྲལ།

3  དགའ་བདེའི་གྲི་ལེབ་ཆེན་ཞེས་བྲིས་ཡོད་པས། དེའང་འགྲིག་མེད། དགའ་བདེའི་གྲི་ནི་སེར་རལ་སྦྲུལ་ནག་དང་སྡིག་པ་ཤ་ཟན་ཡིན། གྲི་ལེབ་ཆེན་ནི་སེང་སྟག་གི་གྲི་སྟེ། ཇི་སྐད་དུ། སེང་ཨ་དོམ་མི་ཡི་སྤྱང་ཀི། །མཚོན་ལེབ་ཆེན་མི་ཡི་བཤའ་གྲི། །ཞེས་བྲིས་ཡོད་པའི་ཕྱིར།

4  སྒྲུང་དཔེ་འདིར་དཔའ་ཐུལ་འབྲུ་མི་དཀར་གཤེད་བདུད་མི་སྤྱང་ལག་རིང་གིས་བཀྲོངས་འདུག འདིའང་ལྷག་ཏུ་འགྲིག་མེད་དེ། འབྲུ་མི་དཀར་ལྷའུ་བསམ་འགྲུབ་དེ་རྫོང་ཆེན་བཅོ་བརྒྱད་ཀྱི་སྒྲུང་དཔེ་ཕལ་ཆེ་བའི་ནང་དུ་བྱས་རྗེས་ཆེ་བའི་དཔའ་ཐུལ་གཙོ་གྲས་ཤིག་ཡིན་པས་སྐབས་དེར་བཀྲོང་ཐབས་མེད།

5  སྒྲུང་འདིའི་གཏམ་རྒྱུད་བྱུང་རིམ་ལ་བལྟས་ན། བྲག་དཀར་གཡུ་རྫོང་ལ་དམག་འདྲེན་དུས་རྒྱལ་ཁག་ལྔའི་དམག་དྲངས་ཞེས་པའི་ནང་བྱེ་རུའི་དམག་ཀྱང་འབྱུང་གིན་འདུག་པས། ཕྱོགས་བཞིའི་དགྲ་བཞི་བཏུལ་བའི་རྗེས་ཏེ། རྫོང་ཆེན་བཅོ་བརྒྱད་ལས། སྟག་གཟིག་ནོར་རྫོང་དང་། སོག་པོ་རྟ་རྫོང་། ཨ་གྲགས་གཟི་རྫོང་སོགས་ཕབ་རྗེས་ཀྱི་རྫོང་ཡིན་པ་ལྟར་འདུག་སྟེ། “དུས་དེར་ལྷོ་ནས་འཇང་གི་དམག་དཔུང་དེ་སྐར་ཚོགས་དགུང་ལ་བཀྲ་འདྲ་བྱུང་། ནུབ་ནས་བདུད་ཀྱི་དམག་དཔུང་དེ་རི་སྒང་ཆེན་ལ་སེར་བ་བབས་འདྲ་བྱུང་། བྱང་ནས་ཧོར་གྱི་དམག་དཔུང་དེ་ནགས་རི་མེ་ལྕེ་མཆེད་འདྲ་བྱུང་། ནུབ་བྱང་ནས་བྱེ་རུའི་དམག་དཔུང་དེ་གསེར་ལྡན་མར་མེ་ཏོག་བཞད་འདྲ་བྱུང་སྟེ་རྒྱལ་ཁག་བཞི་ཡི་དམག་དཔུང་དེ་རྨ་དེའུ་ཡག་སྟག་ཐང་ཁྲ་མོར་དུས་གཅིག་ལ་འཛོམས།” ཞེས་པ་ལས་རྟོགས་ཐུབ། རྒྱལ་ཁག་བཞིའི་དམག་དཔོན་ལའང་འཇང་སྲས་གཡུ་ལྷ་ཐོག་འགྱུར་དང་། དཔའ་མོ་ཨ་སྟག་ལྷ་མོ། སྡིག་གཅོད་ཤན་པ་རྨེ་རི་དང་། བྱེ་རུའི་བཀའ་བློན་ཆོས་འགྲུབ་བཅས་བགྲངས་ཡོད་མོད། མོན་གྱི་དམག་མེད་པ་མ་ཟད། སྟག་གཟིག་དང་། སོག་པོ། ཨ་གྲགས་སོགས་ཀྱི་དམག་དཔོན་ཡང་མེད། དེས་ན་དེར་གནད་དོན་བུད་ཡོད་དེ། གལ་ཏེ་དེ་རྣམས་ཐག་རིང་བས་མ་ཐོན་པ་ཡིན་ནམ་ཞེ་ན། སྒྲུང་དཔེའི་ནང་གསལ་བཤད་མེད། མོན་གྱི་དུང་སྐྱོང་སྟག་ལྷ་ཐོན་ཡོད་མོད། མོན་དམག་དྲངས་ཚུལ་དང་དམག་དཔག་དཔུང་ཅི་ཡང་མི་འདུག སྟག་གཟིག་དང་སོག་པོ་སོགས་ཀྱི་མིང་ཙམ་ཡང་མེད། སྲོལ་རྒྱུན་གྱི་སྒྲུང་དཔེའི་གཏམ་རྒྱུད་བྱུང་རིམ་ལྟར་སོང་ན་བྱེ་རིའི་བྱུར་རྫོང་ནི་རྫོང་ཆེན་བཅོ་བརྒྱད་ཀྱི་གྲས་ཡིན་པ་མ་ཟད། སྟག་གཟིག་ནོར་རྫོང་དང་། སོག་པོ་རྟ་རྫོང་། ཨ་གྲགས་གཟི་རྫོང་སོགས་ཕབ་རྗེས་ཀྱི་རྫོང་ཞིག་ཡིན། ཕྱོགས་བཞིའི་དགྲ་བཞི་ལའང་བྱེ་རུའི་བྱུར་རྫོང་འཇོག་སྲོལ་ཞིག་མེད། བྱེ་རིའི་བྱུར་རྫོང་གི་སྒྲུང་དཔེའི་ནང་དུའང་ཨ་གྲགས་གཟི་རྫོང་དང་ཕྱོགས་བཞིའི་དགྲ་བཞི་བྲིས་ཡོད་པས་དེ་འགྲིག་མེད།

ནོར་འཁྲུལ་འདིའི་རིགས་ནི་ཤིན་ཏུ་མང་མོད། ཚབ་མཚོན་སྐོར་ཞིག་འདྲེན་པ་མ་གཏོགས་ཆ་ཚང་དྲངས་ན་སྙིང་པོ་ཆེར་མི་འདུག་སྙམ་པས་དེ་ཙམ་གྱིས་ཆོག་པར་ཞུ། རྩོམ་པ་པོས་སྒྲུང་དཔེ་འདི་འབྲི་དུས་བདུད་འདུལ་དང་། ཧོར་གླིང་གཡུལ་འགྱེད། འཇང་གླིང་གཡུལ་འགྱེད་སོགས་སྒྲུང་དཔེ་ཉུང་ཉུང་ཞིག་ལ་མ་གཏོགས་བལྟས་མེད་པ་འདྲ། ཡང་མིན་ན་བསམ་བཞིན་སྒྲུང་གི་གཏམ་རྒྱུད་བྱུང་རིམ་ལ་དོ་སྣང་མ་བྱས་པས་ནག་ཉེས་དེ་བས་ཆེ།

གསུམ། ཚོ་བ་ཤོག་པ།

ཚོ་བ་ཤོག་པའི་ཐད་སྒྲུང་དཔེ་འདིར་མ་གཞི་ནས་ཞིབ་ཅིང་རྒྱས་པ་མི་འདུག་པས་སྲོལ་རྒྱུན་གྱི་སྒྲུང་དཔེ་དང་མཐུན་མི་མཐུན་ཆེར་ལབ་རྒྱུ་མེད། བྲག་དཀར་གཡུ་རྫོང་ལ་དམག་འདྲེན་དུས་ཀྱང་རྒྱལ་ཁག་ལྔའི་དམག་ལམ་ལ་ཆས་ཞེས། བདུད། ཧོར། འཇང་། བྱེ་རི། གླིང་བཅས་བགྲངས་པ་ལས་གླིང་གི་ཚོ་བ་ཤོག་པ་ཞིབ་ཚགས་ཀྱིས་བྲིས་མེད་ལ། མི་རྩིས་རྟ་རྩིས་ཀྱང་མེད། བྲག་དཀར་གཡུ་རྫོང་ལའང་བྲག་དཀར་ཚོ་བ་བཅོ་བརྒྱད་ཅེས་གྲངས་ཀ་ཙམ་བྱུང་བ་ལས་བྲག་དཀར་ཚོ་བ་བཅོ་བརྒྱད་གང་གང་ཡིན་པའང་བཤད་མེད།

བཞི། འདོན་རྟ་དབྱངས།

སྤྱིར་སྲོལ་རྒྱུན་གྱི་གེ་སར་སྒྲུང་དཔེ་དག་ལ་མཚོན་ན། མི་སྣ་རེ་རེར་རང་རང་གི་འདོན་རྟ་དབྱངས་རེ་ཡོད་མོད། ཡིན་ནའང་། སྒྲུང་དཔེ་འདིར་སྲོལ་རྒྱུན་གྱི་སྒྲུང་ནང་གི་སྤྱིའི་ཆིངས་དེ་རྩ་བ་ནས་བརྩི་སྲུང་བྱས་མེད། དཔེར་ན། སྒྲུང་དཔེ་འདིར་གླུ53དང་འདོན་རྟ་དབྱངས22དྲངས་འདུག་པ་ལས། གེ་སར་རྒྱལ་པོས་ཁམས་གསུམ་ཟིལ་གནོན་དང་། དུང་དཀར་རང་སྒྲའི་ངག་རྟ། གཡུ་འབྲུག་ངར་སྐད། རྡོ་རྗེ་འགྱུར་མེད། སེང་གེ་ཁྲག་འཐུང་། གསོལ་འདེབས་པདྨ་དཀར་པོ་བཅས་གླུ་སྣ་སྐོར་ཞིག་བླངས་པ་བྲིས་འདུག་མོད། དེ་ནི་རྩོམ་པ་པོས་རང་འདོད་དུ་བྲིས་པ་ཞིག་ལས་དེ་དག་སྲོལ་རྒྱུན་གྱི་སྒྲུང་དཔེའི་ནང་མེད། མ་ཟད། གོང་སྨན་རྒྱལ་མོའི་གླུ་མཁའ་འགྲོའི་དལ་འགྱུར་དང་། མཁའ་འགྲོའི་བཀའ་ཆབ། འདན་མའི་སེང་གེའི་ངར་གླུ་སོགས་ཀྱང་སྲོལ་རྒྱུན་གྱི་སྒྲུང་དཔེའི་ནང་རྩ་བ་ནས་མེད་པས་རྩོམ་པ་པོའི་རྟོག་བཟོ་རྐྱང་རྐྱང་ངོ་། །

ལྔ། བརྡ་རྙིང་།

སྲོལ་རྒྱུན་གྱི་སྒྲུང་དཔེའི་ཁྱད་ཆོས་དྲུག་ལས། བརྡ་རྙིང་འདིའང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ཏེ། འདིའི་ཁྲོད་དུ་བརྡ་རྙིང་བ་དང་འབྲེལ་བའི་ཤེས་བྱ་ཕྲན་ཚེགས་དང་། གཏམ་དཔེ་རྙིང་གྲས་ཅན། ཚེག་བར་དོ་མི་མཉམ་ཡང་བརྗོད་བདེ་ཞིང་རྣར་སྙན་པའི་རིགས་དང་། འབྲོག་སྐད་ཀྱང་འདུ་མོད། ཡིན་ནའང་འདིར་སྲོལ་རྒྱུན་སྒྲུང་དཔེའི་ནང་གི དབང་མི་ལག སྐྲ་ཤིང་ལག ས་ཕྱེད་གདན། གནམ་ཕྱེད་གོས་ལྟ་བུའི་བརྗོད་དོན་གཏིང་ཟབ་ལ་གཟི་བརྗིད་ཀྱི་ཉམས་ཀྱིས་མཚོན་པ། གེ་སར་སྒྲུང་གི་སྐད་ཆའི་སྒྱུ་རྩལ་གྱི་རིགས་སུ་གཏོགས་པའི་ཐུན་མོང་མ་ཡིན་པའི་བརྗོད་པ་དེ་འདྲ་ཧ་ལམ་མི་འདུག མཆན་ཁེབས། མཆན་རྡོ། “ངས་སྟག་མོའི་ངར་གླུ་མི་ལེན་རེ། །དགྲ་ནག་པོའི་སྲོག་རྩ་གཅོད་ཉིན་ལེན། །”  ཞེས་པ་རེ་བྱུང་ཡོད་པས། དེ་རྣམས་བརྡ་རྙིང་སུ་བརྩིས་ཆོག་པ་འདྲ། ལྷག་པར“སྟག་མོའི་ངར་གླུ་མི་ལེན་རེ” ཞེས་པའི་སྐབས་འདིའི “རེ” ནི་ཨ་མདོའི་འབྲོག་སྐད་ཞིག་ཡིན་པས་སྲོལ་རྒྱུན་གྱི་སྒྲུང་དང་ཅུང་ཟད་འདྲ།

དྲུག ཚིག་སྦྱོར།

“བོད་ཀྱི་རྩོམ་རིག་ཁྲོད་དུ་བཞག་ནའང་། གེ་སར་སྒྲུང་ལ་རང་ལུགས་ཀྱི་རྩོམ་སྲོལ་ཡོད་དེ། སྒྲ་རྩེག་མ་དང་། ཚིག་མཐའ་བྱ་བའི་མིང་གིས་གཅོད་པ། ཚིག་མཐའ་དབྱངས་ཨེ་ཡིས་གཅོད་པ། ད་དུང་སྒྲ་རྒྱན་ལས་ཡི་གེ་འཁོར་བ་སོགས་ཀྱང་ཡོད།”  ཅེས་པ་ནང་བཞིན་གེ་སར་སྒྲུང་ལ་རང་གི་ཐུན་མོང་མ་ཡིན་པའི་ཚིག་སྦྱོར་ཡོད། སྒྲུང་འདིར་ཡང་དེའི་རིགས་ཉུང་ཉུང་རེ་ཡོད་དེ། དཔེར་ན“གླིང་དཔའ་རྟུལ་དཔོན་བློན་རྣམས་མྱུར་བ་འཕང་ལོ་འཁོར་འཁོར། མགྱོགས་པ་བསེར་མ་རྒྱུག་རྒྱུག”  ལྟ་བུ། གཞན་ཚིག་མཐའ་བྱ་བའི་མིང་གིས་གཅོད་པ་ནི་ཤིན་ཏུ་མང། དཔེར་ན་ཤོག་ངོས་སུམ་བཅུ་སོ་བཞིའི་ནང་“བློན་དཔའ་རྟུལ་ཕོ་རྒོད་རྣམས་ཀྱིས་ཡིད་ལ་ཟུངས།” ཤོག་ངོས་སུམ་ཅུ་སོ་དྲུག་པར། “སྟག་དམར་ཡག་གཡང་གཞིའི་ཁྲི་སྟེང་ནས། །གཤེད་བདུད་མི་སྤྱང་ལག་རིང་གསོན། །དོམ་པགས་དགུ་བརྩེགས་གདན་སྟེང་ནས། །གཤེད་བདུད་ཨ་བ་མིག་གཅིག་གསོན། །” ཞེས་པ་ལྟ་བུ།

ཚིག་མཐའ་ཨེ་ཡིས་གཅོད་པ་འདི་ཡང་གེ་སར་སྒྲུང་གི་ཐུན་མིན་གྱི་ཚིག་སྦྱོར་ཞིག་ལ་བརྩི་ཞིང་། དེའི་རིགས་སྒྲུང་དཔེ་འདིར་གཅིག་གཉིས་རེ་འཛིན་རྒྱུ་འདུག་སྟེ། དཔེར་ན། ཤོག་ངོས་བདུན་ཅུ་དོན་གསུམ་ངོས་སུ “མགྱོགས་པའི་རྟ་ལ་སྒ་ཆས་ཡོད་ལེ། རྒོད་པོའི་བུ་ལ་དཔའ་ཆས་འཛོམས་ལེ། རྫོང་ཆེན་དཔུང་ལ་འགོ་འཛིན་ཡོད་ལེ།” ལྟ་བུ། གེ་སར་སྒྲུང་གི་ཆེད་སྤྱོད་ཀྱི་ཚིག་ལྟ་བུ་སྟེ། “ཚིག་བཀྱག”གི་རིགས་དེ་སྒྲུང་དཔེ་འདིར་ཅུང་ཟད་མང་། དཔེར་ན་ཤོག་ངོས་སུམ་ཅུ་སོ་དྲུག་ངོས་སུ། “རྡ་ལུས་སྐད་རྒྱག་ཡ་རེ་ང་། །”  “གླིང་སྡར་མས་དཔུང་སྒྲིག་སྙིང་རེ་རྗེ།” ལྟ་བུ་དང་། ཡང་ཤོག་ངོས་ལྔ་ཅུ་ང་བདུན་ངོས་སུ། “གླིང་ཝ་མོས་དམག་འདྲེན་ཨ་བ་རེ།” ལྟ་བུ།

མདོར་ན། གོང་ཞུས་དག་ནི་གེ་སར་སྒྲུང་གི་སྤྱིའི་ཆིངས་སམ་སྒྲིག་གཞི་གཙོ་བོ་ཡིན་ཏེ། སྒྲུང་དཔེ་གང་དང་གང་ཡིན་རུང་ངེས་པར་བརྩི་སྲུང་བྱ་དགོས། གལ་ཏེ་གོང་ཞུས་ཀྱི་ཁྱད་ཆོས་དེ་དག་མ་ཚང་ན་སྒྲུང་དཔེ་ལྷད་མ་དང་སྒྲུང་དཔེ་འགྱུར་མ་ཡིན་པས་ཁྱབ། དེས་ན་སྒྲུང་དཔེ་འདི་ལྟ་བུ་ལ་མཚོན་ནའང་སྒྲུང་དཔེ་ལྷད་མའི་རིགས་སུ་གཏོགས་ཏེ། ཁྱད་ཆོས་དྲུག་ལས་གླུ་ཚིག་གི་སྒྲིག་གཞི་མ་གཏོགས། གཏམ་རྒྱུད་དང་། ཚོ་བ་ཤོག་པ། ནང་དོན་སྒྲིག་གཞི། འདོན་རྟ་དབྱངས། བརྡ་རྙིང་། ཚིག་སྦྱོར་བཅས་མི་ཚང་། བརྒྱ་ལ་ཚང་ནའང་ས་བཅད་མ་སྟོང་ཙམ་ལས་སྲོལ་རྒྱུན་གྱི་དཔེ་རྙིང་བཞིན་སྒྲུང་ཧྲིལ་བོར་ཁྱབ་པ་ཞིག་མ་རེད།

 བརྒྱ་བཤད་ཚིག་གི་རྩ་བ་ནི་འདི་ལྟ་སྟེ། གེ་སར་སྒྲུང་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད། དེང་སང་ཁ་ཅིག་གིས་གེ་སར་སྒྲུང་ནི་འཛམ་གླིང་སྟེང་ཆེས་རིང་བའི་སྒྲུང་ཡིན་ཞིང་། དེ་ལ་བཤད་ནས་ཚར་རྒྱུ་མེད། རྫོང་ཆེན་བཅོ་བརྒྱད་ཅེས་པས་གྲངས་ཀ་སྟོན་པ་མིན་པར་རྫོགས་མཐའ་མེད་པའི་དོན་སྟོན་ཞེས་སྒྲོག་པ་ནི་མ་འོས་པ་ཡིན་ཏེ། གླིང་གེ་སར་རྒྱལ་པོའི་གཏམ་རྒྱུད་དང་འབྲེལ་བ་ཡོད་པ་ཆ་ཚང་གེ་སར་སྒྲུང་མིན། གེ་སར་སྒྲུང་རང་ལ་སྤྱིའི་ཆིངས་སམ་སྒྲིག་གཞི་ཞིག་ཡོད་དེ། དེ་དག་སྒུལ་རྒྱུ་མེད། དེང་སང་གེ་སར་སྒྲུང་དཔེ་ལ་མཐའ་མེད་ཅིང་། སྒྲུང་པ་ཆེ་གེ་མོས་ཕབ་པ་ཡིན་དང་རྩོམ་པ་པོ་ཆེ་གེ་མོ་ཞིག་གིས་བརྩམས་པ་ཡིན་ཞེས་ཤིན་ཏུ་མང་མོད། དེ་ཚང་མ་གེ་སར་སྒྲུང་ངོ་མ་མིན། ང་ཚོས་གསལ་བོར་ཤེས་དགོས་པ་ནི་སྲོལ་རྒྱུན་གྱི་སྒྲུང་དང་དེང་རབས་སྒྲུང་བར་གྱི་ཧེ་བག་ཡིན། སྒྲུང་པ་སུས་ཕབ་པའི་སྒྲུང་ཡིན་ནའང་འདྲ། རྩོམ་པ་པོ་སུས་བརྩམས་པའི་སྒྲུང་ཡིན་ནའང་འདྲ། སྲོལ་རྒྱུན་གྱི་སྒྲུང་དཔེའི་ཁྱད་ཆོས་དྲུག་ལས་སྔ་མ་གསུམ་སྟེ། གླུ་དང་། གཏམ་རྒྱུད། ཚོ་བ་ཤོག་པ་བཅས་ནང་དོན་གྱི་སྒྲིག་གཞི་ལ་འགལ་ན་སྒྲུང་དཔེ་ལྷད་མའམ་རྫུན་མ་ཡིན་པས་ཁྱབ་ཅིང་། ཕྱི་མ་གསུམ་སྟེ། འདོན་རྟ་དབྱངས་དང། བརྡ་རྙིང་། ཚིག་སྦྱོར་བཅས་མ་ཚང་ན་དེ་ནི་སྒྲུང་དཔེ་ཕུལ་དུ་བྱུང་བ་ཞིག་མིན་པ་མཚོན། “ཁོ་བོའི་གེ་སར་སྒྲུང་གི་དཔེ་རྙིང་ལ་ཞིབ་འཇུག་བྱེད་པའི་ཨུ་ཚུགས་འདི་གང་ནས་ཡོང་བ་ཡིན་ཞེ་ན། ཇི་ལྟར་ལོ་རྒྱུས་ཀྱི་ཡུན་རིང་ཚེ། དེ་ལྟར་མ་ཡིག་དང་ཐག་ཉེ་བས། གལ་ཏེ་གནས་ཚུལ་དེ་ལས་ལྡོག་ན། དེབ་འགྱུར་མའང་འབུད་སླའོ་སྙམ་པས་ཡིན།”  ཞེས་པ་ནང་བཞིན་ང་ཚོས་དེང་རབས་སྒྲུང་དཔེ་དང་སྲོལ་རྒྱུན་སྒྲུང་དཔེ་ལ་དབྱེ་བ་མ་བྱས་ན་དེབ་འགྱུར་མ་ལྷང་ལ་འབུད་མི་ཐུབ་ཅིང་། སྒྲུང་དཔེ་དག་རྫུན་གྱི་དབྱེ་བ་འབྱེད་དཀའ་བའི་ཉེན་ཁ་ཆེ། དེ་བས་ན། ངས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྩམས་པའི《བྲག་དཀར་གཡུ་རྫོང་།》ཞེས་པའི་སྒྲུང་དཔེ་འདི་དང་སྲོལ་རྒྱུན་སྒྲུང་དཔེ་ལ་ཞིབ་བསྡུར་བྱེད་པའི་དགོས་པའང་འདི་ན་ཡོད་དོ། ། 

དཔྱད་གཞིའི་ཡིག་ཆ།

[1] སྨན་ཤུལ་རིན་ཆེན་རྡོ་རྗེ། གེ་སར་སྒྲུང་གི་ས་མིང་ཞིབ་འཇུག [M].པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2011; 6.

[2] རྡོ་རྗེ་ཚེ་བརྟན། བྲག་དཀར་གཡུ་རྫོང་། [M].ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1998; 5.

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号