ཁྲུང་ཆིང་གི་མཚོ་སྔོན་མི་རིགས་འཛིན་གྲྭ་བཙུགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཡུང་ཁྲོན་དུ་འཚོགས།

ཤ་བོ་སྐྱབས་མཛད་སྒོར་ཕེབས་ཤིང་ཤིས་ཚིག་ཕུལ།


   མཉམ་དུ་རྒྱལ་གླུ་ལེན་བཞིན་ཁ་བཏགས་དཀར་བོ་ཕུལ་ཏེ་བཀའ་དྲིན་ཞུ། གླུ་དང་གར་གྱི་མཆོད་པ་ཁྱེད་ལ་འབུལ། མི་རིགས་མཐུན་སྒྲིལ་ཨ་ལོང་དམ་པོར་སྦྲེལ། ཟླ5བའི་ཚེས10ཉིན་གྱི་སྔ་དྲོར། ཁྲུང་ཆིང་གི་མཚོ་སྔོན་མི་རིགས་འཛིན་གྲྭ་བཙུགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་ཁྲུང་ཆིང་རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་གི་ཞོར་གཏོགས་སློབ་འབྲིང་དུ་གཟབ་རྒྱས་ངང་འཚོགས་ལ། ཁྲུང་ཆིང་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཀོང་དང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས། ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་ཨུའི་ཧྲུའུ་ཅི་ཀྲང་ཀྲི་ཁོས། ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝུན་ལེང་དབྱིན་སོགས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས།

ཁྲུང་ཆིང་གི་མཚོ་སྔོན་མི་རིགས་འཛིན་གྲྭ་བཙུགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཡུལ་དངོས།

   ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ་སྐབས་ཁྲུང་ཆིང་གྲོང་ཁྱེར་གྱིས་མཚོ་བྱང་གི་སློབ་གསོའི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་དཀའ་སྤྱད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་ལ།  ཡུང་ཁྲོན་ཆུས་དང་མུ་མཐུད་དུ་འབྲེལ་བ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་དང་ལག་གདང་གཅིག་ཏུ་སྦྲེལ་ནས་མི་རིགས་འཛིན་གྲྭ་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་བསྣན་ཏེ་ཁྲུང་ཆིང་གི་མཚོ་སྔོན་མི་རིགས་འཛིན་གྲྭ་ལེགས་པོར་གཉེར་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱ་རྒྱུའི་རེ་བ་ཡོད་པར་བཤད།  

   ཀྲང་ཀྲི་ཁོས་ཀྱིས་ས་གནས་གཉིས་ཀྱིས་ལག་གདང་གཅིག་ཏུ་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཁྲུང་ཆིང་གི་མཚོ་སྔོན་མི་རིགས་འཛིན་གྲྭ་དེ་རྒྱལ་ཡོངས་ཀྱི་མི་རིགས་སློབ་གསོའི་ཁྱད་ལྡན་སློབ་གྲྭ་ཞིག་ཏུ་བསྐྲུན་ནས་ཐུན་མོང་ཐོག་དུས་རབས་གསར་བའི་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གྱི་བསམ་པའི་ཁྱིམ་གཞིས་ཤིག་ཏུ་བསྐྲུན་རྒྱུའི་རེ་བ་ཡོད་ལ། ཁྲུང་ཆིང་གི་མཚོ་སྔོན་མི་རིགས་འཛིན་གྲྭའི་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུ་བ་དང་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་ལས་ཆེ་བའི་ལེགས་སྐྱེས་གསར་བ་དབུལ་རྒྱུ་ཡིན་པར་བཤད།    

   རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཐོག་ཚང་མས་མཉམ་དུ་རྒྱལ་གླུ་བླངས་ཤིང་།  ཁྲུང་ཆིང་གི་མཚོ་སྔོན་མི་རིགས་འཛིན་གྲྭའི་སློབ་མས་རང་གིས་གསར་རྩོམ་དང་འཁྲབ་ཁྲིད་བྱས་པའི་རོལ་དབྱངས་སྙན་ངག《ལོ་བཅུ》ཞེས་པ་བརྩེ་སེམས་ཟབ་མོས་འཁྲབ་སྟོན་བྱས་ཏེ་འཛིན་གྲྭ་གཉེར་ནས་ལོ་བཅུ་འཁོར་བའི་རིང་གི་དགེ་སློབ་ཚོའི་བརྩེ་བ་ཟབ་མོ་མཚོན་པར་བྱས་ལ། 《ང་རང་ཀྲུང་ཧྭར་དགའ》ཞེས་པའི་གླུ་དབྱངས་ཁྲོད་ཡུལ་དངོས་ལ་གསོན་ཤུགས་གསར་བ་ཞིག་བསྩལ།

   ཟླ5བའི་ཚེས9ཉིན་གྱི་ཕྱི་དྲོར། དུས་རབས་གསར་བའི་མི་རིགས་སློབ་གསོའི་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་ཡུང་ཁྲོན་ཅང་ཧུང་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཆེན་མོར་འཚོགས་ཤིང་། ཁྲུང་ཆིང་རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་གི་ཞོར་གཏོགས་སློབ་འབྲིང་དང་། ཁྲུང་ཆིང་གི་བོད་ལྗོངས་སློབ་འབྲིང་། མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གསུམ་པ།  མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོ་སོགས་མི་རིགས་སློབ་གསོའི་སློབ་གྲྭའི་འགན་འཁུར་བས་རང་སོ་སོའི་མི་རིགས་སློབ་གསོའི་ཉམས་མྱོང་མཉམ་སྤྱོད་བྱས་ལ། ལྷོ་ནུབ་མི་རིགས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭའི་ཆེད་མཁས་པས་དཔྱད་བརྗོད་སྤེལ་ནས་སྙན་ཞུ་ཕུལ།  ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་དུས་རབས་གསར་བའི་མི་རིགས་སློབ་གསོའི་འཕེལ་རྒྱས་དང“ཁྱད་ལྡན་འཕེལ་རྒྱས”ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུའི་ཐད་དཔེ་མཚོན་མཉམ་སྤྱོད་དང་གནད་དོན་བརྗེ་རེས་བྱས།   

   

   ཟླ5བའི་ཚེས10ཉིན་གྱི་ཕྱི་དྲོར། ཁྲུང་ཆིང་རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་གི་ཞོར་གཏོགས་སློབ་འབྲིང་ཁྲུང་ཆིང་གི་མཚོ་སྔོན་མི་རིགས་འཛིན་གྲྭའི་སློབ་གྲོགས་འཚར་ལོངས་ཀྱི་བཞུགས་མོལ་ཚོགས་འདུ་ཁྲུང་ཆིང་རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་གི་ཞོར་གཏོགས་སློབ་འབྲིང་དུ་འཚོགས་ཤིང་།  ཁྲུང་ཆིང་གི་མཚོ་སྔོན་མི་རིགས་འཛིན་གྲྭའི་མཐར་ཕྱིན་སློབ་མའི་འཐུས་མི130ལྷག་ཙམ་དང་ཁྲུང་ཆིང་གི་མཚོ་སྔོན་མི་རིགས་འཛིན་གྲྭའི་སློབ་གྲྭར་ཡོད་པའི་སློབ་མ་རྣམས་ཀྱིས་མཉམ་དུ་སློབ་སྦྱོང་དང་འཚོ་བའི་འདས་མ་ད་གསུམ་ལ་ཕྱིར་དྲན་བྱེད་བཞིན་སློབ་གྲྭས་གསོ་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུས།     

   ཤེས་རྟོགས་བྱུང་བ་ལྟར་ན། ལོ་བཅུའི་རིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱི་སློབ་མ303གྱིས་སྔ་རྗེས་སུ་ཁྲུང་ཆིང་རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་གི་ཞོར་གཏོགས་སློབ་འབྲིང་དུ་སྤྲོ་སྣང་ལྡན་པའི་ངང་སློབ་སྦྱོང་བྱས་ནས་འཚར་ལོངས་བྱུང་བ་དང་། སྐབས་བརྒྱད་པའི་མཐར་ཕྱིན་སློབ་མ186གིས་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་སློབ་ཆེན་སོགས་སློབ་གྲྭ་གྲགས་ཅན་ཁག་ཏུ་རྒྱུགས་འཕྲོད་ཡོད།  ཁྲུང་ཆིང་རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་གི་ཞོར་གཏོགས་སློབ་འབྲིང་ནི་ཁྲུང་ཆིང་གྲོང་ཁྱེར་གྱི་མི་རིགས་སློབ་གསོའི་ཁྱད་ལྡན་སློབ་གྲྭ་ཞིག་ཡིན་པའི་ངོས་ནས། “ཅུ་ལི་དང་སྨྱུག་མ། ཐང་ཤིང་།”གསུམ་ནི་སློབ་གྲྭའི་རིག་གནས་ཀྱི་གཞི་རྟེན་དུ་བརྩིས་པར་མ་ཟད། “ཇ”དང“རྟ”ཞེས་པའི་མཚོན་རྟགས་གཉིས་གསར་དུ་བསྣན། “ཇ”ནི་སྲོལ་རྒྱུན་གྱི་མཚོན་རྟགས་དང་། “རྟ”ནི་བོད་རིགས་དང་སོག་རིགས་ཀྱི་བཀྲ་ཤིས་པའི་མཚོན་རྟགས་ཤིག་ཡིན་པས། དེས་ཁྲུང་ཆིང་རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་ཞོར་གཏོགས་སློབ་འབྲིང་གི“འཆམ་མཐུན”རིག་གནས་ཀྱི་ནང་དོན་མཚོན་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་མི་རིགས་འཛིན་གྲྭས་ཀྱང་མི་རིགས་ཀྱི་ཁྱད་ཆོས་ལྟེ་བ་བྱེད་པའི་སློབ་གསོའི་འདུ་ཤེས་དང་འཛིན་གྲྭའི་རིག་གནས་གཏན་འཁེལ་བྱས་ནས། དེ་དང་མཐུན་པའི་མཚོན་རྟགས་མ་ལག་ཅིག་ཆགས་པར་བྱས་ཡོད་པ་སྟེ། མི་གསོ་སྐྱོང་གི་དམིགས་ཚད་ནི“མི་རིགས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པ། དེང་རབས་དཔལ་ཡོན་བརྒྱུད་སྤེལ་བྱེད་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྐང་འཛིན་གསོ་སྐྱོང་བྱེད་པ”དེ་ཡིན་ཞིང་། འཛིན་གྲྭ་གཉེར་བའི་འདུ་ཤེས་ནི“མཛེས་སྡུག་ལྡན་པའི་སློབ་གསོ་དང་མི་རིགས་འཆམ་མཐུན་མཉམ་འདྲེས་བྱེད་པ”དེ་ཡིན། ཀུན་སྤྱོད་ཀྱི་འདུ་ཤེས་ནི“མཛེས་སྡུག་སྔོན་ཐོན་དང་ཀུན་སྤྱོད་བཟང་བོ་དར་སྤེལ་གཏོང་རྒྱུ”དེ་ཡིན། སློབ་ཁྲིད་ཀྱི་འདུ་ཤེས་ནི“ རིག་པར་གཞིགས་ནས་སློབ་གསོ་གཏོང་བ་དང་འཆམ་མཐུན་སློབ་སྦྱོང་བྱ་རྒྱུ”དེ་ཡིན། མི་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་འཛིན་གྲྭའི་གླུ་དབྱངས་དང་རྩོམ་ཡིག་བྲིས་ཡོད། སློབ་གྲྭས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི3930བཏང་སྟེ་མཚོ་སྔོན་མི་རིགས་འཛིན་གྲྭའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུར་གཞོལ་ནས། མཚོ་སྔོན་འཛིན་གྲྭའི་ཕྱོགས་བསྡུས་ཐོག་ཁང(ཧུའེ་ཞན་ཐོག་ཁང)གསར་དུ་བསྐྲུན་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཡིག་དཔེ་གཟིགས་ཁང་མཛེས་བཟོ་བྱས་པ། འབྲེལ་ཡོད་ནུས་ཁང་ཆ་ཚང་སྒྲིག་པ། སྔོན་ཐོན་གྱི་སློབ་ཁྲིད་སྒྲིག་ཆས་སྒྲིག་སྦྱོར་བཅས་བྱས་ནས་སློབ་མའི་ཉལ་ཁང་དང་ཟ་ཁང་སོགས་སྒྱུར་བཀོད་བྱས་ནས་མཚོ་སྔོན་མི་རིགས་འཛིན་གྲྭའི་སློབ་མར་སློབ་སྦྱོང་གི་ཁོར་ཡུག་བཟང་བོ་ཞིག་བཏོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号