ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དུ་བསྐྱོད་དེ་བྱ་བར་འབྲེལ་མཐུད་བྱས་པ།


   ཟླ6པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་ནས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དུ་བསྐྱོད་དེ་བྱ་བར་འབྲེལ་མཐུད་བྱས་ལ། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རིན་ཀྲང་ན་ཅུན་བཞུགས་མོལ་ཚོགས་འདུར་ཞུགས།

    ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་དུས་ཡུན་རིང་པོར་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ནི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བར་དུ་གནས་པས། སྐྱེ་ཁམས་ཁོར་སྲུང་གི་འགན་འཁྲི་ལྕི་ཞིང་དཔལ་འབྱོར་གྱི་སྤྱི་འབོར་ཆུང་བ་དང་འཕེལ་རྒྱས་མར་ལྷུང་པའི་གནོན་ཤུགས་ཆེ་བས་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཧ་ཅང་ལྕི། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་སྲིད་ཇུས་ཀྱི་ཁ་ཕྱོགས། ལས་གཞི་གལ་ཆེན་སོགས་ཀྱི་ཐད་མཚོ་བྱང་གི་ཕྱོགས་ངེས་དམ་འཛིན་དང་རྒྱབ་སྐྱོར་དེ་ལས་མང་བ་བྱས་ཏེ་ཁ་གཏད་མཚོ་སྐྱོར་ས་ཁུལ་དང་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་མཐུན་སྦྱོར་ཧུར་ཐག་བྱེད་པ་དང་། མཚོ་བྱང་གི་ས་བབ་ཀྱི་ལེགས་ཆར་བསམ་གཞིག་གང་ལེགས་བྱས་ནས་མཚོ་བྱང་ཁུལ་འཕེལ་རྒྱས་སུ་གཏོང་བ་དེ་ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་ནང་བཅུག་ནས་རང་ཞིང་གི་ཟི་ལིང་དང་མཚོ་ཤར། ཀན་སུའུ་ཡི་འབྲོང་ཡུལ་དང་ཝུའུ་ཝེ། ཅིན་ཁྲང་སོགས་ས་ཁུལ་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཚོ་བྱང་གི་སྐྱེ་ཁམས་གནས་བབ་ནས་མགོ་བཙུགས་ཏེ་མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཙོང་ཆུ་སྲུང་སྐྱོབ། མཚོ་སྐོར་བྱང་ངོགས་ཀྱི་བྱེ་འགོག་བྱེ་བཅོས་བཅས་ཀྱི་ཐད་གཙོ་གནད་ཐོག་དོ་ཁུར་བྱེད་པ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་དང་། འཇུ་ལག་དང་མདའ་བཞིའི་འཁྱགས་སྦྲེལ་ཟོག་འགྲེམས་མཛོད་ཉར་བཅས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཁྲོད་བཅུག་ནས་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱེད་རྒྱུ་དང་། 221རྟེན་གཞིའི་གནའ་ཤུལ་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་གསར་བརྗེའི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན། ལས་རིགས་སློབ་གྲྭ་འཛུགས་སྐྲུན། ཏང་གི་སློབ་གྲྭ་རྒྱས་སྐྲུན་བཅས་ཀྱི་ཐད་ལས་གཞིའི་མ་དངུལ་ཐོག་ནས་རྒྱབ་སྐྱོར་གནང་རོགས་དང་། དེ་དང་ཆབས་ཅིག་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཏང་གཤིས་སློབ་གསོ་རྟེན་གཞིའི་སྒོ་བྱང་བཀལ་ནས་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ཏེ་མཚོ་བྱང་དུ་ཡོང་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་སློབ་གསོ་དང་ལེན་བྱེད་པའི་རེ་བ་ཡོད་པར་བཤད། ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་སྤྱི་འབོར་ཆུང་བ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པས་ང་ཚོས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པ་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པས། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་དཔལ་འབྱོར་འཕེལ་རྒྱས་ཐད་མཚོ་བྱང་ཁུལ་ལ་གང་མཁོ་དེ་སྦྱིན་གནང་རྒྱུ་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཐད་དམིགས་བསལ་གཟིགས་སྐྱོང་བྱས་ཏེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་ཀླུང་བཅས་ཀྱི་སྐྱེ་ཁམས་མ་ལག་འཛུགས་སྐྱོང་ཐད་ལས་གཞི་དེ་ལས་མང་བ་དང་དེ་ལས་ཆེ་བའི་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་པར་བཤད།

   ཀྲང་ན་ཅུན་གྱིས་ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། རྒྱབ་སྐྱོར་བྱེད་པར་རེ་ཞུ་བྱས་པའི་དོན་ཚན་ལ་ཧུར་ཐག་གིས་ལན་བཏབ།  མ་འོངས་པར་མཚོ་བྱང་གིས་འཆར་འགོད་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་ཞིབ་འཇུག་བཀོད་སྒྲིག་ནན་ཏན་བྱེད་དགོས་པ་དང་། རྫོང་སོ་སོའི་འཕེལ་རྒྱས་ཀྱི་ངེས་གནས་ཡང་དག་བཙལ་འཚོལ་བྱེད་པ། མཚོ་བྱང་གི་གནས་བབ་ལ་དབྱེ་ཞིབ་བྱེད་པ། “ལྔ་བཅུ་བཞིའི”འཆར་འགོད་དུས་དཀྱིལ་གྱི་དཔྱད་དཔོག་ལ་བརྟེན་ནས་ཡང་བསྐྱར་འཆར་འགོད་ཞིབ་ཕྲ་དང་ལེགས་སྒྲིག་བྱེད་དགོས་ཤིང་། སྐྱེ་ཁམས་སྣེ་ཁྲིད་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་རྩྭ་ཐང་དང་འདམ་རའི་སྐྱེ་ཁམས་རིན་ཐང་ལག་བསྟར་གང་ལེགས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཚོལ་ཞིབ་དང་ལག་བསྟར་ཟམ་མི་ཆད་པར་བྱེད་དགོས་ལ། ས་གནས་ཀྱི་ཐོན་ཁུངས་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་རིན་ཐང་བརྗེ་སྒྱུར་དང་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུར་བསམ་གཞིག་ནན་ཏན་བྱས་ནས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་སྒོ་ནས་བོད་ལུག་དང་ནོར་གནག ཆུ་གྲང་ཉ་བཅས་གསོ་སྤེལ་བྱས་ཏེ་ཐོན་ལས་ཀྱི་སྦྲེལ་ཐག་སྟོབས་ཆེར་གཏོང་དགོས་པའི་བསམ་ཚུལ་བཏོན།    


   ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་མགོ་ཁྲིད་ཝུའུ་མུས་སིན་དང་ཏིན་ཡུང་ཧྲིན། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཨ་ཁྱུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号