གཞིས་རྩེར་ཞིང་འབྲོག་པ27ལ་བདེ་བླག་ངང་རུས་ཚིཊ་གཤཊ་བཅོས་བྱས་པ།

ཉེ་ཆར། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་ཚོགས་ཆུང་གིས་མཐུན་སྦྱོར་སྒྲིག་འཛུགས་བྱས་པའི་འོག ཆིང་ཏའོ་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པ་དང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། དེ་བཞིན་ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི“རི་ཆུ་མཉམ་དུ་སྦྲེལ། བརྩེ་བ་མཉམ་དུ་བཅངས”ཞེས་པའི་བརྗོད་དོན་གཙོ་བོའི་བོད་སྐྱོར་སྤྱི་ཕན་རྣམ་གྲངས་ཀྱིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་དུ་ས་མཐོའི་རུས་ཚིགས་ནད་རིན་མེད་གཤགས་བཅོས་ཁག་གཉིས་པ་བྱས་པ་རེད། ཉིན་གསུམ་གྱི་ནང་། རིགས་གཅིག་མཁས་ཅན་གྱི་ཚོགས་པ་གསུམ་གྱིས་ཞིང་འབྲོག་པ27ལ་བདེ་བླག་ངང་གཤགས་བཅོས་བྱས་པ་རེད།

ཟླ6ཚེས19ཉིན་གྱི་སྔ་དྲོ། བསམ་གྲུབ་རྩེ་ཆུས་པད་གཞུང་ཤང་གི་གྲོང་མི་མཚམས་ལགས་ཀྱིས་སྨན་བཅོས་རུ་ཁག་མཐོང་རྗེས། ཁྱེད་ཚོ་སླར་ཡང་ཕེབས་བྱུང་། དངོས་གནས་ཡག་པོ་བྱུང་ཞེས་རང་དབང་མེད་པར་བརྗོད་ཡོད། ད་ལོ་ལོ62ལ་སླེབས་པའི་མཚམས་ལགས་ལ་རུས་ཚིགས་ཀྱི་ནད་ཕོག་ནས་ལོ་བརྒྱད་དགུ་ཕྱིན་ཡོད་པ་དང་། དེའི་རིང་རྐང་པ་གཉིས་འདྲུད་ནས་འགུལ་རྒྱུ་ལས་ལས་ཀ་ལྕི་པོ་བྱེད་མི་ཐུབ་པ་མ་ཟད། ཐ་ན་ཁྱིམ་དུ་སྐས་ཀ་འཛེགས་ཀྱང་དཀའ་ལས་ཁག་པོ་ཡོད་པ་རེད། མཚམས་ལགས་ཀྱིས། ལོ་གཞོན་དུས་ཞིང་ལས་ཚང་མ་བྱེད་ཐུབ་ལ། གྲང་ངར་ཆེ་བའི་དགུན་དཔྱིད་ཀྱི་དུས་སུ་ཐ་ན་གངས་ཆུ་ཡང་བརྒལ་ཐུབ་མོད། འོན་ཀྱང་ལོ་མང་པོའི་དཀའ་ཚེགས་དང་འཁྱགས་ཆུའི་ངར་སྐུལ་གྱིས་རུས་ཚིགས་ཀྱི་ནད་ཚབས་ཆེན་ཕོག་སོང་ཞེས་བརྗོད་ཡོད། དེའི་གོང་། ཆིང་ཏའོ་ཡི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ཁོང་ལ་པུས་ཚིགས་གཡས་པ་བརྗེ་བའི་གཤགས་བཅོས་བྱས་ཡོད་པ་དང་། སྨན་ཁང་ནས་ཐོན་ཏེ་ཁྱིམ་དུ་ལོག་རྗེས། ཁོང་གི་རྐང་པ་གཡས་པ་རིམ་བཞིན་དྲག་སྐྱེས་བྱུང་བའི་ཚོར་སྣང་བྱུང་ཡོད། ད་ཐེངས་ཆིང་ཏའོ་ཡི་རིགས་གཅིག་མཁས་ཅན་སླར་ཡང་བསམ་གྲུབ་རྩེ་ཆུས་སུ་སླེབས་སྐབས། མཚམས་ལགས་དེ་མ་ཉིད་དུ་བསྐྱར་དཔྱད་བྱེད་པར་ཡོང་ཡོད་པ་དང་། རྐང་པ་གཡོན་པའི་པུས་ཚིགས་ཀྱང་སྨན་བཅོས་ཐུབ་པའི་རེ་བ་བཅངས་ཡོད།

དེའི་གོང་། ཆིང་ཏའོ་ཡི་བོད་སྐྱོར་སྨན་བཅོས་དང་བླངས་པའི་ཞབས་ཞུའི་རུ་ཁག་གིས་གྲོང་གསེབ་ཏུ་འོས་འགན་སྨན་བཅོས་བྱེད་རིང་ཤེས་རྟོགས་བྱུང་བར། ས་མཐོའི་ས་ཁམས་གནམ་གཤིས་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། རུས་ཚིགས་ནད་ནི་གཞིས་རྩེ་ཁུལ་དུ་ཐོན་མང་བའི་ནད་གཞི་ཞིག་ཡིན་པ་དང་། ཆ་རྐྱེན་མི་འདང་བའི་དབང་གིས་ནད་པ་ཁག་གཅིག་དུས་ཐོག་ཏུ་སྨན་བཅོས་བྱེད་ཐབས་བྲལ་བས་འཁར་རྒྱུག་ལ་མི་བརྟེན་ཐབས་མེད་ཡིན་པ་རེད། དེར་བརྟེན། ཆིང་ཏའོ་ཡི་བོད་སྐྱོར་ལས་བྱེད་པའི་སྐུལ་འདེད་འོག 2021ལོ་ནས2023ལོའི་བར་སྔ་རྗེས་སུ་གཞིས་རྩེའི་ཞིང་འབྲོག་པ་ཁག་ཐེངས་བཞི་ལ་དབྱེ་ཞིང་ཁག་རེར་མི25རེ་ཆིང་ཏའོ་རུ་བསྐྱོད་དེ། ཆིང་ཏའོ་གྲོང་ཁྱེར་གྱི་གྲོང་བཙུགས་སྨན་ཁང་དུ་རིན་མེད་གཤགས་བཅོས་བྱས་ནས་དྲག་སྐྱེད་ཡོང་བ་བྱས་ཡོད།

ད་ལོའི་ཟླ6ཚེས19ཉིན་ནས་བཟུང་། ཆིང་ཏའོ་རུས་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཡུས་ཐེང་པོ་དང་། ཏའེ་ཧྲི་ཡིའུ། ཧུའུ་ཀོང་ལེང་བཅས་ཀྱིས་ཚོགས་པ་རེ་ཁྲིད་དེ་ཉིན་གསུམ་གྱི་དུས་ཚོད་ནང་རིགས་གཅིག་མཁས་ཅན་ཚོགས་པ་གསུམ་གྱིས་གཤགས་བཅོས་ཁང་གསུམ་དུ་བསྟུད་མར་གཤགས་བཅོས་བྱས་ཤིང་། ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་དང་ཚོགས་པའི་གཞོགས་འདེགས་ལ་བརྟེན་ནས་ཞིང་འབྲོག་པ27ལ་གཤགས་བཅོས་བྱས་པ་དང་། དེའི་ཁྲོད་ནས་དཔྱི་ཚིགས་བརྗེ་བའི་གཤགས་བཅོས3ཕུད་དེ་བྱིངས24ཚང་མ་པུས་ཚིགས་བརྗེ་བའི་གཤགས་བཅོས་ཡིན་པ་རེད། ད་བར། སྨན་ཁང་དེའི་སྨན་བཅོས་ཚོགས་པས་བོད་ལྗོངས་སུ་ཐེངས་གཉིས་བསྐྱོད་ནས་ས་མཐོར་རུས་ཚིགས་གཤགས་བཅོས་ཁག47བྱས་པ་དང་། དེའི་གོང་ཆིང་ཏའོ་ལ་གཤགས་བཅོས་བྱས་པའི་ནད་པ25བསྣན་ཚེ། ཆིང་ཏའོ་བོད་སྐྱོར་མཐུན་སྦྱོར་རྩ་འཛུགས་ཀྱིས་ཁྱོན་བོད་རིགས་ཞིང་འབྲོག་པ72ལ་སྨན་བཅོས་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དེ་བས་རྒྱ་ཁྱབ་ངང་གཞིས་རྩེའི་ཞིང་འབྲོག་པར་རུས་ཚིགས་ནད་སྔོན་འགོག་དང་སྨན་བཅོས་བྱེད་རོགས་བྱ་ཆེད། ད་ཐེངས་སྨན་བཅོས་རུ་ཁག་གིས་ད་དུང་ས་མཐོའི་པུས་ཚིགས་གཉན་ཚད་ཀྱི་ཁྱབ་མཆེད་རང་བཞིན་ལ་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད། ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི། སྨན་ཁང་གི་སྤྱི་ཁྱབ་འགོ་འཛིན་ཡུས་ཐེང་པོ་ཡིས། ས་གནས་དེ་གའི་ནད་པའི་དོན་དངོས་གནས་ཚུལ་དང་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱས་ཚེ། གཞི་ནས་ཁོང་ཚོའི་དགོས་མཁོ་དང་དེ་བས་འཚམ་པའི་འགོག་བཅོས་ཇུས་གཞི་བཟོ་ཐུབ་པ་ང་ཚོས་ཤེས་ཀྱི་ཡོད། སྔར་བས་སྔོན་ཐོན་གྱི་ལག་རྩལ་དང་འདུ་ཤེས་ས་མཐོར་རྩ་བ་ཚུགས་པ་དང་བསྟུན་ནས། འབྱུང་འགྱུར་ཆིང་ཏའོ་བོད་སྐྱོར་གྱི“ས་མཐོའི་ནད་རིགས”ཐད་ཀྱི་སྤྱི་ཕན་སྐྱོབ་བཅོས་རྣམ་གྲངས་གངས་ལྗོངས་ས་མཐོར་རྒྱུན་ཆད་མེད་པར་སྤེལ་རྒྱུ་རེད་ཅེས་གསུངས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号