རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ལྟ་སྲུང་པ།

ཟླ་དྲུག་པའི་ཟླ་མགོའི་གཙང་གསུམ་འབྱུང་ཡུལ་གྱིས་ལྗང་མདོག་གི་གོས་ལྭ་སྲབ་པོ་ཞིག་བཀླུབས་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་གླིང་ཁུལ་གྱི་མཚོ་ངོས་སུ་དགུང་སྔོན་དང་སྤྲིན་དཀར་ལྡོག་འཕྲོ་བྱས་ཏེ་མཛེས་སྡུག་གིས་ཁེངས་ཡོད། ཞོགས་པར། གཟུགས་སྟོབས་ཆེ་ཞིང་ངོ་གདོང་སྨུག་པའི་བོད་རིགས་ཕོ་རྒོད་ཅིག་འཕྲུལ་རྟར་བཞོན་ནས་མཐའ་ཡས་པའི་རྩྭ་ཐང་དུ་བསྐྱོད་ཅིང་། ཁོའི་ཉིན་གཅིག་གི་བྱ་བ་སྒྲུབ་མགོ་བརྩམས།

ཁོའི་མིང་ལ་བསོ་བསོ་ཟེར་ཞིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རིང་ཞང་མཚལ་རྩེ་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པའི་རུ་གཙོ་ཡིན་ལ། སྐྱེ་ཁམས་བདག་སྐྱོང་དཔུང་སྡེ་དེ་དང་ཐོག་འཛུགས་སྐབས་དེའི་ཁྲོད་དུ་ཞུགས་པ་རེད། ད་ལྟའི་བར་སྐྱེ་ཁམས་བདག་སྐྱོང་རུ་ཁག་ཏུ་ལོ་ངོ12ལ་བྱ་བ་བསྒྲུབས་ཟིན། བསོ་བསོ་དང་མཚལ་རྩེ་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ126གིས་མི་རེའི་ཆ་སྙོམས་ཀྱིས་སྤྱི་ཆིང670ལ་ཉེ་བའི་རྩྭ་སར་ལྟ་སྲུང་བྱེད་ཀྱིན་ཡོད། ཁོ་ཚོ་མི20ལྷག་གིས་ཚོ་ཆུང་གཅིག་གྲུབ་པར་བྱས་ཏེ། ཉིན་རེའི་སྐོར་སྲུང་བྱེད་ཡུན་ཆུ་ཚོད7ལས་མི་ཉུང་ལ་སྐོར་སྲུང་ལམ་ཐག་སྤྱི་ལེ70ལས་མི་ཉུང་བ་བྱེད་ཀྱིན་ཡོད། ཆར་རླུང་ལ་མ་འཛེམ་པར་སྐྱེ་ཁམས་བདག་སྐྱོང་གི་འཐབ་ས་དང་པོ་བརྟན་པོར་བསྲུངས་ནས། ཡུལ་གྲུ་འདིའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཀུན་ལ་རྐང་རྗེས་ཕབ་ཡོད།

བསོ་བསོའི་སྐོར་སྲུང་ཟིན་བྲིས་ངོས་སུ། མཚོ་སྐྱ་རིང་སྐོར་གྱི་ནང་དོན་མང་པོ་ཡོད་པས། མཚོ་སྐྱ་རིང་ཉེ་འཁོར་གྱི་རི་བོ་དང་ཆུ་བོ། མེ་ཏོག་དང་རྩྭ་རྩི་ཤིང་ཀུན་ལ་བསོ་བསོར་ཆ་རྒྱུས་ཤིན་ཏུ་ཡོད།

ཟླ་དྲུག་པའི་ཟླ་མགོར། གསར་འགོད་པ་བསོ་བསོ་དང་མཉམ་དུ་རྨ་སྟོད་རྫོང་མཚོ་སྐྱ་རིང་ཞང་མཚལ་རྩེ་སྡེ་བར་ཐོན། ཁོ་དང་རུ་མི་ཚོས་གྲལ་དག་གཅིག་གྱུར་གྱི་ལས་ལྭ་ལྗང་གུ་གྱོན་ཏེ་ཉིན་གཅིག་གི་སྐོར་སྲུང་ལས་ཀ་མགོ་བརྩམས།“ཁྱོད་ཀྱིས་ལྟོས་དང་། མེ་ཏོག་སྨུག་པོ་འདི་དང་ཕ་རོལ་གྱི་སྐྱེ་དངོས་ཕྲ་མོ་གན་སྔོན་ཆད་ང་ཚོས་མཐོང་མ་མྱོང”ཞེས་བསོ་བསོས་སྤྲོ་སེམས་དང་བཅས་ཉེ་འགྲམ་དུ་སྐོར་སྲུང་བྱེད་བཞིན་པའི་ལས་གྲོགས་མགོན་པོ་རྒྱལ་འབོད་བཞིན་དེ་ལྟར་བཤད།

ས་གཞི་འདིའི་གནའ་དེང་གི་འཕོ་འགྱུར་གླེང་ན། བསོ་བསོ་ལ་ཚོར་སྣང་སྣ་ཚོགས་ཡོད།“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་མ་བཙུགས་པའི་སྔོན་ལ། རྩྭ་ཐང་དུ་འཚོ་བའི་གད་སྙིགས་ཤིན་ཏུ་མང་བས། ངའི་སེམས་ལ་འཚུབ་ཆ་ལངས་ཤིང་། དེ་ནས་ཤ་ཉེ་གྲོགས་པོ་ཚོ་དང་མཉམ་དུ་གད་སྙིགས་བཏུ་བའི་བསམ་ཚུལ་སྐྱེས།”2005ལོར། བསོ་བསོས་ཤ་ཉེ་གྲོགས་པོ་ཚོ་རྩ་འཛུགས་བྱས་ཏེ་མི12ཀྱིས་གྲུབ་པའི་གད་སྙིགས་གཙང་སེལ་གྱི་ཡན་ལག་ཚོ་ཆུང་ཞིག་བཙུགས། ཁོ་ཚོས་ས་གཞི་མལ་ཁྲི་དང་དགུང་སྔོན་མལ་ཐུལ་བྱས་ཤིང་ལག་ཆ་དང་ཟ་མ་རང་གིས་གྲ་སྒྲིག་བྱས། དེ་ནི་ལམ་ཐག་རིང་བས་ཉིན་འགར་ཡུལ་ལ་ལོག་མི་ཐུབ་པའི་རྐྱེན་གྱིས་རེད། “སྐབས་དེར། ང་ཚོས་ཕྱི་རོལ་ནས་བཏུས་པའི་གད་སྙིགས་ཀྱིས་སྒྱེ་མོ་འགའ་བཀང་འགྲོ་བ་དང་། སྲོག་ཆགས་དང་སྐྱེ་དངོས་ད་ལྟའི་འདི་འདྲ་མང་པོ་ཞིག་ག་ལ་ཡོད”ཅེས་བསོ་བསོའི་ལས་གྲོགས་ཆོས་འབྲུག་གིས་བཤད།

དེང་སྐབས་ཀྱི་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དུ། རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཇེ་མང་དུ་སོང་ཡོད་ལ། རྩྭ་ཐང་དུ་སྐྱེ་དངོས་སྣ་ཚོགས་ཀྱིས་ཁྱབ་ཅིང་མཚེའུའི་གྲངས་ཀའང་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་སྟེ། མཚེའུ་སྟོང་གི་མཛེས་ལྗོངས་ཡང་བསྐྱར་མངོན་ཡོད། མི་རྣམས་ཀྱི་སྐྱེ་ཁམས་ཁོར་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ་དང་བསྟུན་ནས། རྩྭ་ཐང་དུ་གད་སྙིགས་བསྐྱུར་པའི་རྗེས་ཤུལ་ཙམ་ཡང་འཚོལ་དཀའ་བར་གྱུར།


“ད་ལྟ་ང་ཚོའི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་ཕྱིན། སྐྱེ་ཁམས་བདག་སྐྱོང་པ་རེར་ཟླ་རེར་སྒོར1800ཡི་སྐྱེ་ཁམས་ཁ་གསབ་ཡོད་ལ། གད་སྙིགས་ཀྱི་གྲངས་འབོར་ཡང་སྔར་ལས་མངོན་སུམ་གྱིས་ཇེ་ཉུང་དུ་འགྲོ་བཞིན་ཡོད། ང་ཚོ་མི20ལྷག་གིས་གྲུབ་པའི་ཚོ་ཆུང་གཅིག་ཕྱི་ལ་སྐོར་སྲུང་དུ་ཕྱིན་ཡང་། ཉིན་གཅིག་ལ་གད་སྙིགས་སྒྱེ་མོ་གང་མ་གཏོགས་བཏུ་རྒྱུ་མི་ལོན”ཞེས་བསོ་བསོས་བཤད།

གསར་འགོད་པ་བསོ་བསོའི་རྗེས་སུ་འབྲངས་ཏེ་སྐོར་སྲུང་དུ་སྐྱོད་པའི་ལམ་དུ། གནས་གསར་པ་ཞིག་ཏུ་ཐོན་ཐེངས་རེར། ཁོས་ལག་འཁྱེར་ཁ་པར་གྱིས་པར་ལེན་གྱིན་འདུག་ལ། གསར་འགོད་པ་དོན་དེར་ལྷག་ཏུ་མཚར་སྣང་སྐྱེས། “འདི་ནི‘གཙང་གསུམ་འབྱུང་ཡུལ་སྐོར་སྲུང་གིAPP’རེད། མཛུབ་མོས་མནན་མ་ཐག་མགྱོགས་མྱུར་ངང་ང་ཚོའི་ཉིན་གཅིག་གི་སྐོར་སྲུང་བྱ་བའི་གནས་ཚུལ་ཡར་སྤྲོད་པར་མ་ཟད། འཕྲིན་སྟེགས་འདིས་ང་ཚོའི་སྐོར་སྲུང་གི་དུས་ཚོད་དང་བར་ཐག་ཟིན་ཐོར་འགོད་པ་དང་། སྐོར་སྲུང་སྐབས་ཀྱི་བདེ་འཇགས་ལའང་ཁག་ཐེག་བྱེད་ཐུབ”ཅེས་དེ་ལྟར་བཤད་ཞོར་བསོ་བསོས་གསར་དུ་བླངས་པའི་འདྲ་པར་དེ་དགAPPསྟེང་བསྐུར། ཉིན་རེར་སྐོར་སྲུང་ཉིན་ཐོ་ལག་བྲིས་བྱས་པ་དང་བསྡུར་ན། “གཙང་གསུམ་འབྱུང་ཡུལAPP”ཡོད་པ་དེས། སྐྱེ་ཁམས་བདག་སྐྱོང་པའི་སྐོར་སྲུང་བྱ་བའི་ལས་ཆོད་ཇེ་མཐོར་བཏང་བར་མ་ཟད། སྐོར་སྲུང་གི་གནས་ཚུལ་དུས་ལྟར་ཡར་སྤྲོད་པར་ཁག་ཐེག་བྱས་ཏེ། སྐྱེ་ཁམས་བདག་སྐྱོང་བྱ་བ་རིག་ནུས་ཅན་གྱི་ལམ་དུ་བསྐྱོད་མགོ་ཚུགས།

རི་སྐྱེས་སྲོག་ཆགས་རྨས་མ་སྐྱོབ་བཅོས་བྱེད་པར། བསོ་བསོ་ལ་གཞན་དང་མི་མཚུངས་པའི་ཐབས་བཀོད་ཡོད། 2023ལོའི་ཟླ11པར། བསོ་བསོ་དང་ལས་གྲོགས་ཚོས་སྐོར་སྲུང་གི་ལམ་དུ་གནའ་བ་ཞིག་ལྕགས་རར་དཀྲིས་ཏེ་སྲོག་བསྡོས་ཀྱིས་སྨྲེ་ངག་འདོན་བཞིན་འདུག་པ་མཐོང་། ཁོས་མྱུར་དུ་ལག་ལ་བཟུང་བའི་ཡོ་བྱད་བཀོལ་ནས།ལས་གྲོགས་ཚོ་དང་མཉམ་དུ་གནའ་དེའི་སྲོག་བསྐྱབས། འོན་ཀྱང་གནའ་དེ་གནས་དེ་དང་ཁ་མ་བྲལ་བར་བསྡད་འདུག བསོ་བསོས་ཞིབ་ཏུ་བལྟས་པ་ན། གནའ་དེའི་བརླ་གཡས་པ་ནས་ཁྲག་དམར་འཛར་གྱིན་འདུག་པས་རང་འགུལ་གྱིས་འགུལ་སྐྱོད་བྱེད་མི་ཐུབ། ཁོས་མྱུར་དུ“རང་སའི་ཐབས་བཀོད”ཅིག་ཡུལ་ལ་དྲན། དེ་ནས་བསོ་བསོས་རྡོ་ལེབ་ཅིག་ཁྱེར་ཡོང་ནས། རང་གི་ལག་ཕྱིས་ཀྱིས་གནའ་བའི་རྨ་ཁར་སྟབས་བདེ་ཞིག་དཀྲིས་ཏེ། དེའི་རྗེས་ནས“གཙང་གསུམ་འབྱུང་ཡུལAPP”བཀོལ་ནས་ཡུལ་དངོས་ཀྱི་འདྲ་པར་འཕྲིན་སྟེགས་སུ་བསྐུར་རྗེས་འབྲེལ་ཡོད་སྡེ་ཁག་གིས་རོགས་སྐྱོབ་བྱེད་པར་བསྒུགས།  “ང་དང་བསོ་བསོ་ཕྱི་རུ་སྐོར་སྲུང་ལ་འགྲོ་སྐབས། དེ་འདྲའི་དོན་དག་མང་པོ་ཞིག་ལ་འཕྲད་མྱོང་། ཁོས་ཐེངས་མ་རེ་རེར་ཐག་གཅོད་འོས་ཤིང་འཚམ་པ་བྱེད་ལ། ད་ལྟ་ང་ཚོའི་སྡེ་བའི་འབྲོག་ཁྱིམ་མང་པོ་ཞིག་གི་སྒོ་ཕྱུགས་ལ་རྨས་སྐྱོན་བྱུང་དུས་ཁོ་བཙལ་ཏེ་རོགས་རམ་བྱེད་དུ་འཇུག ཁོ་ནི་ང་ཚོ་མཚལ་རྩེ་སྡེ་བའི་ཕྱུགས་ལས་སྨན་པ་ཕྱེད་ཀ་ཞིག་རེད་ཅེས་བཤད་ཀྱང་མི་ཆོག་པ་མེད ”ཅེས་བསོ་བསོའི་ལས་གྲོགས་ཆོས་འབྲུག་གིས་སྤྲོ་ཉམས་ཀྱིས་དེ་ལྟར་བཤད།

སྐྱེ་ཁམས་བདག་སྐྱོང་ནི་དུས་ཡུན་རིང་པོར་འབད་པ་བྱེད་དགོས་པའི་བྱ་བ་ཞིག་རེད། “སྐྱེ་ཁམས་ཀྱི་ཁ་གསབ་མེད་ནའང་ང་སྐྱེ་ཁམས་བདག་སྐྱོང་རུ་ཁག་ཏུ་ཞུགས་ཁོ་ཐག་ཡིན། རྒྱུ་མཚན་ནི་གནས་འདི་ནི་ང་ཚོ་མི་རབས་ནས་མི་རབས་བར་འཚོ་ཞིང་གནས་སའི་ཡུལ་གྲུ་དེ་ཡིན་པས་རེད།”བསོ་བསོ་ལ་བསམ་འདུན་ཅི་ཞིག་ཡོད་ཅེས་དྲིས་པའི་ཚེ་ན། ཁོས་བཤད་རྒྱུར། “ང་ཚོའི་སྡེ་བར་ཁྱིམ་ཚང་རེར་སྐྱེ་ཁམས་བདག་སྐྱོང་པ་རེ་ཡོད། སྐྱེ་ཁམས་བདག་སྐྱོང་པའི་དཔུང་སྡེ་ཇེ་ཆེར་འགྲོ་བཞིན་འདུག ངས་སྔར་ལས་མང་བའི་རིག་གནས་ཤེས་བྱ་སྦྱང་འདོད། དེ་ལྟར་བྱས་ཚེ་གསར་དུ་ཞུགས་པའི་ཁོངས་མི་རྣམས་མྱུར་དུ་བདག་སྐྱོང་རྩལ་ནུས་ལ་འདྲིས་ཆ་འབྱུང་བར་རོགས་རམ་དང་ཁྲིད་སྟོན་བྱེད་ཐུབ་པར་མ་ཟད། རང་གིས་ཀྱང་རྩོམ་ཡིག་བྲིས་ཏེ། དྲིལ་སྒྲོག་ལ་བརྟེན་ནས་མི་སྔར་ལས་མང་པོ་ཞིག་ལ་ངའི་ཕ་ཡུལ་རྒྱུས་ལོན་བྱེད་དུ་འཇུག་ཐུབ། ང་དང་ལས་གྲོགས་ཚོས་ནུས་ཤུགས་གང་ཡོད་ཀྱིས་སྐོར་སྲུང་བྱས་ཏེ། ཕ་ཡུལ་གྱི་སྔོ་ལྗང་རི་ཆུར་ལྟ་སྲུང་ལེགས་པོ་བྱ་རྒྱུ་ཡིན་ལ། གཙང་ཆབ་ལྷུང་ལྷུང་ཤར་དུ་བཞུར་བར་ཁག་ཐེག་བྱ་རྒྱུ་ཡིན། ”

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号