དཔུང་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་དགོས།

ད་ལོ་ནི་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཙུགས་ནས་ལོ70འཁོར་བའི་ལོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱིས་ཞིན་ཅང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་མཐའ་མཚམས་བརྟན་པོར་སྲུང་བ་བཅས་ཀྱི་ཐད་བསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་བྱས་རྗེས་བཞག་ཡོད། སྐྱོད་ལམ་གསར་པར་སྙེག་སྐབས། དཔུང་ཚོགས་ཀྱི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་བློ་ལ་བརྟན་པོར་ངེས་པར་བྱས་ནས། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆ་ཚང་ཞིང་ཡང་དག་པར་ལག་བསྟར་བྱེད་པ་དང་། “མེས་རྒྱལ་ལ་དགའ་ཞེན་དང་། སྒེར་སེམས་མེད་པར་ཡོད་ཚད་འབུལ་བ། དཀའ་སྤྱད་ལས་སྐྲུན། གསར་འབྱེད་ཡར་བརྩོན”བཅས་དཔུང་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ལེན་པ་དང་ཉམས་འགྱུར་གསར་པ་མངོན་པར་བྱེད་དགོས།

1954ལོའི་ཟླ10བར། ཏང་ཀྲུང་དབྱང་གིས་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་འཛུགས་རྒྱུའི་ཐག་བཅད། “དམངས་དང་ཁེ་ཕན་རྩོད་རེས་མི་བྱེད་པ་དང་། དམངས་དང་ཆུ་རྩོད་མི་བྱེད་པ། དམངས་དང་ས་རྩོད་མི་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས། དཔུང་ཚོགས་ཀྱི་མིས་ཐ་ཁི་ལཱ་མཱ་ཀན་བྱེ་ཐང་དང་། ཀུའུ་ཨར་པན་ཐུང་ཀུའུ་ཐི་བྱེ་ཐང་། མཐའ་མཚམས་ལམ་ཐིག་བཅས་སུ་སྒར་བཏབ་ནས་མཐའ་མཚམས་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད། ལོ་ངོ70ཡི་རིང་ངལ་དུབ་ལ་མ་འཛེམས་པར་དཀའ་སྤྱད་ལས་སྐྲུན་བྱས་པས་བྱེ་ཐང་སྟེང་དུ་སྔོ་ལྗང་གོས་ཀྱིས་བཀླུབས་པ་དང་། བྱེ་ཐང་དེ་ཉིད་ཞིང་ས་བཟང་པོར་བསྒྱུར་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་། བརྩེ་བ་ཟབ་མོས་ཐུགས་ཁྲལ་གནང་ནས་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་སུ་རྟོག་ཞིབ་ཐེངས་མང་གནང་བར་ཕེབས། ཁོང་གིས་ནན་གྱིས་བསྟན་དོན། དཔུང་ཚོགས་ཀྱི་འཐབ་ཇུས་ནུས་པ་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན་པས། དཔུང་ཚོགས་དེ་མཐའ་མཚམས་བདེ་འཇགས་དང་སྲ་བརྟན་གཏོང་མཁན་ཞིག་དང་། རིགས་སོ་སོའི་མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་མཁན་ཞིག  སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་དང་སྔོན་ཐོན་གྱི་རིག་གནས་དཔེ་སྟོན་ཁུལ་ཞིག་བཅས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཧུར་ཐག་གིས་དུས་རབས་གསར་པའི་དཔུང་ཚོགས་ཀྱི་བརྟན་བརླིང་སྲུང་སྐྱོང་དང་མཐའ་མཚམས་སྲུང་སྐྱོང་གི་ཁྱད་སྟོབས་གསར་པ་ཆགས་པར་བྱེད་དགོས།

ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཏང་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་སུན་ཧུང་ཉན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་དང་དཔུང་ཚོགས་ཀྱི་བྱ་བའི་ཐད་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཐབས་ཇུས་ཆེན་པོ་གསུམ་ཆགས་པ་དང་། 2023ལོར་དཔུང་ཚོགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲག་ཁྲིག་ཆེན་མོ་གསུམ་དང་ཁྲག་ཁྲིག་དྲུག་ཐེར་ཆེན་དགུ་ཐེར་འབུམ་དྲུག་དུང་ཕྱུར་ལྔ་བྱེ་བ་བརྒྱད་ལ་འཕར་བ་དང་། སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཐོག་མར་སྒོར་ཁྲི4ལས་བརྒལ་བ། དཔལ་འབྱོར་འཕེལ་རྒྱས་ཐད་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་བ་བཅས་ཀྱིས་དཔུང་ཚོགས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚོར་སྐུལ་མ་ཆེན་པོ་ཐེབས་པ་མ་ཟད། མ་འོངས་འཕེལ་རྒྱས་ལ་སྔར་ལས་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་བསྐྱོད་དེ། དཔུང་ཚོགས་ཀྱི་མིས་མུ་མཐུད་འབད་བརྩོན་དང་ཏན་ཏན་ཏིག་ཏིག་བྱས་ནས་དཔུང་ཚོགས་འཛུགས་སྐྲུན་ཐད་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།

ཞིང་ལས་ནི་དཔུང་ཚོགས་ཀྱི་རྨང་གཞིའི་ཐོན་ལས་དང་ཁྱད་སྟོབས་ཐོན་ལས་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། དཔུང་ཚོགས་ཀྱིས་རྩ་འཛུགས་ཅན་དང་གཞི་ཁྱོན་ཅན་གྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། རང་བརྟེན་གསར་གཏོད་དང་ནང་འདྲེན་དང་བསྡུ་ལེན་བཅས་བྱས་ནས་སླར་ཡང་གསར་གཏོད་བྱས་པ་བརྒྱུད། རྒྱལ་ནང་གི་ཞིང་ལས་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསྐངས། སྔོན་ལ་རྒྱལ་ཡོངས་ཀྱི་ཞིང་ཆུ་གྲོན་ཆུང་གི་དཔེ་སྟོན་རྟེན་གཞི་ཆེ་ཤོས་དང་། ཞིང་ལས་འཕྲུལ་ཆས་ཅན་གྱི་ཁྱབ་སྤེལ་རྟེན་གཞི་དང་དེང་རབས་ཀྱི་ཞིང་ལས་དཔེ་སྟོན་རྟེན་གཞི་བཅས་གྲུབ་པར་བྱས། འགྱིག་ཤོག་འོག་ཆུ་འདྲེན་པ་དང་ཆུ་ལུད་གཞི་གཅིག་ཅན་སོགས་ཚུད་པའི་གནད་འཁེལ་འཐུས་ཚང་གི་ཐོན་མཐོའི་ལག་རྩལ་མ་ལག་ཆ་ཚང་ཞིག་གསར་གཏོད་བྱས་པར་མ་ཟད། ཞིན་ཅང་དུ་གཞི་ཁྱོན་ཆེན་པོས་ཁྱབ་གདལ་དང་བེད་སྤྱོད་ཀྱང་བྱས། 2023ལོར། དཔུང་ཚོགས་ཀྱི་འབྲུ་རིགས་ཐོན་ཚད་རྒྱ་མ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་བྱེ་བ་གཅིག་ས་ཡ་གཉིས་ལ་སླེབས་ནས་རྒྱལ་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་འཕར་གྱི་བཅུ་ཆའི་གཅིག་ཙམ་ཟིན།

ཡུལ་བབ་དང་བསྟུན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བཙུགས་པ་དང་། དཔུང་ཚོགས་ཀྱིས་ད་དུང་ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། དེང་རབས་ཞབས་ཞུའི་ལས་རིགས་སོགས་གཙོ་ཁྲིད་ཐོན་ལས་ཆེན་པོ་བདུན་འཕེལ་རྒྱས་ཤུགས་ཆེན་བཏང་ལ། 5Gདང་གཞི་གྲངས་ཆེན་མོ། ཟོང་འབྲེལ་དྲ་བ་སོགས་ལག་རྩལ་གསར་པ་རྒྱ་ཁྱབ་ངང་སྤྱད་དེ་རིག་ནུས་བཟོ་གྲྭ་རྒྱུན་ཆད་མེད་པར་བྱུང་། ཞིན་ཞིན་གྲོང་ཁྱེར་སན་ཐང་མཚེའུ་ཡི་རླུང་གློག་རྟེན་གཞི་རུ། ལོ་རེར་ཧྭ་ཀྲུང་ས་ཁུལ་དུ་གློག་སྟོང་ཝ་ཆུ་ཚོད་དུང་ཕྱུར་བདུན་དང་བྱེ་བ་གཉིས་གཏོང་ཐུབ། ཐུའུ་མུའུ་ཧྲུའུ་ཁི་གྲོང་ཁྱེར་དུ་རིག་ལྡན་ཕྱུགས་རྩྭ་བཟོ་གྲྭར་དུས་བཞིར་སྔོ་ལྗང་ལྡན་པ་དང་མུའུ་རེ་ནས་རྩྭ་ཐོན་ཚད་རང་བྱུང་རྩྭ་སའི་མུའུ20ལྷག་དང་མཚུངས། མིག་སྔར། དཔུང་ཚོགས་ཀྱིས་ཆེད་ལས་ཀྱི་ཁེ་ལས་འབྲིང་ཆུང184དང་རྒྱལ་ཁབ་རིམ་པའི་ཆེད་མཁས་ཁྱད་གསར་གྱི“གྱད་མི་ཆུང་གྲས”ཀྱི་ཁེ་ལས13གསོ་སྐྱོང་བྱས་ཡོད།

རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། མཛེས་སྡུག་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་བྱས། དེ་སྔའི་མྱ་ངམ་ཐང་དེ་ད་ལྟ་དམག་དཔུང་གིས་གསར་སྤེལ་བྱས་པའི་མཛེས་སྡུག་ལྡན་པའི་གྲོང་གསར་རེ་རེར་བསྐྲུན་ཡོད། མིག་སྔར། དཔུང་ཚོགས་ཀྱིས་དོ་དམ་བྱེད་པའི་གྲོང་ཁྱེར12ཀྱི་ག་ས་གང་དུ་སྤྱི་གླིང་དང་སྤང་ལྗོངས། ཆུ་བོ་བཅས་མཐོང་ཐུབ། ཕན་ཚུན་འབྲེལ་གཏུག་རྣམ་པའི་སྤྱི་ཚོགས་གྲུབ་ཆར་བརྟེན་ནས་རིགས་སོ་སོའི་མང་ཚོགས་ཕན་ཚུན་མཉམ་གནས་དང་ཕན་ཚུན་རོགས་རེས་བྱེད་ཀྱིན་ཡོད། ཞིན་ཅང་ཧྲི་ཧི་ཙི་གྲོང་ཁྱེར་དུ་སྡེ་ཁུལ་གྱིས་བྱ་འགུལ་སྤེལ་གནས་འདོན་སྤྲོད་བྱེད་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཚོང་གཉེར་དོ་དམ་བྱེད་པ། མང་ཚོགས་ཀྱིས་ཞབས་ཞུར་ལྟ་སྐུལ་འདོན་སྤྲོད་བྱས་ཏེ། རྒན་པར་རོགས་རམ་བྱེད་པའི་ཟ་ཁང71བཙུགས་ནས་ས་གནས་དེའི་ལོ65ཡན་གྱི་རྒན་རྒོན་ཚོར་སྒོ་ཁ་ནས“བདེ་སྐྱིད་ཀྱི་ཚོར་བ”མྱོང་དུ་འཇུག་བཞིན་ཡོད།

ཞིན་ཅང་ཧྲི་ཧི་ཙི་གྲོང་ཁྱེར་ཧུང་ཧྲན་སྲང་ལམ་གྱི་སྡོད་དམངས་ཝང་ཝུན་ཡུས་ཀྱིས་བཤད་རྒྱུར། སྔོ་ཚལ་སྣ་གསུམ་དང་འབྲས་དཀར་ཡོལ་གཅིག་ལ་སྒོར10མ་གཏོགས་སྟེར་མི་དགོས་ཟེར།

ཞིན་ཅང་ཧྲི་ཧི་ཙི་གྲོང་ཁྱེར་ཧུང་ཧྲན་སྲང་ལམ་གྱི་སྡོད་དམངས་ཁྲུའུ་ཧྲའོ་ཧྭ་ཡིས་བཤད་རྒྱུར། སྔོ་ཚལ་གྱི་རིགས་ཚང་མ་རྒན་པར་འཚམ་པའི་བྲོ་བ་ཡིན་པ་དང་། ཟ་མ་ཚོས་ཚད་ཀྱང་རྒན་པར་འཚམ་པ་ཡིན་པས་དངོས་གནས་ཡག་པོ་འདུག་ཟེར།

དམག་དཔུང་དང་ས་གནས་“བསམ་བཀོད་གཅིག”རྒྱུན་འཁྱོངས་བྱས་ཏེ། དམག་དཔུང་དང་ས་གནས་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོས་རིགས་སོ་སོའི་མང་ཚོགས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བཏང་། སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་ཞུ་དང་ཕན་ཚུན་ཁས་ལེན་བྱས་ནས། དམག་མི་དང་ས་གནས་ཀྱི་འགན་སྲུང་ནང་ཞུགས་མཁན་གྱིས་ཐག་ཉེ་སར་སྨན་བཅོས་བྱེད་པའི་དང་སྨན་ཉོ་བའི་དགོས་མཁོ་ནུས་ལྡན་གྱིས་བསྐངས་ཡོད། སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་དང་མཉམ་སྐྲུན་བྱས་ཏེ་དམག་མི་དང་ས་གནས་ཀྱི་དགེ་སློབ་ཚོས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱས། འགྲིམ་འགྲུལ་དྲ་རྒྱ་ཕན་ཚུན་སྦྲེལ་མཐུད་དང་། དམག་དཔུང་དང་ས་གནས་ཀྱི་གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་དང་སྦྲེལ་མཐུད་བྱེད་པའི་གཞུང་ལམ་རེ་རེ་བཞིན་གྱིས་དམག་དཔུང་དང་ས་གནས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་འགྲིམ་འགྲུལ་གྱི་འགན་སྲུང་བརྟན་པོ་ཞིག་འདོན་སྤྲོད་བྱས།

ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཏུང་མེ་ཡིས་བཤད་རྒྱུར། དཔུང་ཚོགས་ནི་ཞིན་ཅང་གི་མི་རིགས་མང་པོའི་ཁྱིམ་ཚང་ཆེན་མོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རིགས་སོ་སོའི་མང་ཚོགས་གོང་བུ་གཅིག་ཏུ་འགྲིལ་བའི་ནུས་པ་ཆེན་པོ་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ནས། ལོ་ངོ་མང་པོའི་རིང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ”དང་མི་རིགས་མཐུན་སྒྲིལ་གྱི་མཛའ་འབྲེལ་བྱ་འགུལ་རྒྱུན་མཐུད་ངང་སྤེལ་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་སློབ་སྦྱོང་དང་མཉམ་དུ་དགའ་སྤྲོ། ཁྱིམ་ཚང་གཅིག་ལྟར་བརྩེ་བ་བཅས་བྱས་ཟེར།

དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་། དཔུང་ཚོགས་ཀྱི་མིས་དཔུང་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་དང་ལག་བསྟར་བྱེད་པ་དང་།  འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་གིས་སྒྲུབ་པ། མུ་མཐུད་འབད་འཐབ་བྱེད་པ་དང་འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ། ཧུར་ཐག་གིས་ཞིན་ཅང་བྱ་བའི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུ་རེད།

ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཁྲོན་ཧུའེ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་དང་ཏང་ཀྲུང་དབྱང་གིས་དཔུང་ཚོགས་ལ་བཏོན་པའི་ངེས་གནས་བླང་བྱ་དང་། ཞིན་ཅང་ཁ་གཏད་རོགས་སྐྱོར་དང་ནུབ་རྒྱུད་གསར་སྤེལ་ཆེན་མོ། “རྒྱུད་གཅིག་ལམ་གཅིག”གི་ཞིན་ཅང་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་བཅས་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་ནན་མོ་བྱས་ཏེ། དཔུང་ཚོགས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲོད་དཔུང་ཚོགས་ཀྱི་འགན་འཁྲི་གསར་པ་དང་བྱེད་སྟངས་གསར་པར་བརྟེན་ནས་བྱས་རྗེས་འཇོག་རྒྱུ་ཡིན་ཟེར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号