དམངས་ཁྲོད་བྱིས་སྒྲུང་གི་སློབ་གསོའི་རིན་ཐང་།

ཚན་རྩལ་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མིའི་རིགས་ཀྱི་འཚོ་བ་གློག་རྡུལ་འཕྲུལ་ཆས་དང་འདྲེས་ལ། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་འདྲིས་ཇེ་ཉུང་དུ་གྱུར་དང་འགྱུར་བཞིན་པ་མངོན་སུམ་དུ་གྲུབ། ལྷག་པར་འཚོ་བ་དངོས་ཀྱི་ཁྲོད་དུ་བྱིས་པ་རྣམས་མི་གཞན་དང་འབྲེལ་འདྲིས་བྱེད་པར་མི་དགའ་བར་ཁེར་སྡོད་ལ་དགའ་བ་དང་སྐད་ཆ་ཉུང་བ། དཀའ་ཚེགས་མི་བཟོད་པ། འཚོ་བར་ཡི་མུག་པ། སྒེར་སེམས་དང་ཕྲག་དོག་ཆེ་བ། དགའ་སྣང་དང་དགོད་སྒྲ་མེད་པ་སོགས་སེམས་ཁམས་བདེ་ཐང་མིན་པའི་སྣང་ཚུལ་མང་པོ་འབྱུང་བཞིན་ཡོད། བྱིས་སྒྲུང་ཁྲོད་ཀྱི་ཤེས་རིག་དང་གོམས་སྲོལ། མཛེས་དཔྱོད་ཀྱི་ལྟ་བ་བཅས་ཀྱི་བག་ཆགས་དེ་རིམ་བཞིན་བྱིས་པའི་རྒྱུད་ལ་རྒྱུན་འབྱམས་སུ་སོང་ནས་རྐང་ལ་ཟུག་ཐུབ། བྱིས་པ་ནར་སོན་པའི་གོ་རིམ་ཁྲོད་དུ་ང་ཚོས་བྱིས་སྒྲུང་གིས་ནུས་པ་གལ་ཆེན་ཐོན་པའི་སློབ་གསོའི་བྱེད་ཐབས་དང་དམངས་ཁྲོད་བྱིས་སྒྲུང་གི་རིན་ཐང་བེད་སྤྱད་དེ། བྱིས་པའི་ལུས་པོ་བདེ་ཐང་དང་སེམས་ཁམས་སྤྲོ་སྣང་ཅན་དུ་འགྱུར་བར་འབད་ན། མི་གཤིས་མཛེས་ཤིང་ཀུན་སྤྱོད་ལེགས་པ། བློ་རིག་གསལ་ཞིང་ལུས་ཕུང་བདེ་བ། སེམས་རྒྱ་ཆེ་ཞིང་ཕུགས་བསམ་ལྡན་པའི་ན་ཆུང་གཞོན་སྐྱེས་མང་པོ་སྐྱེད་སྲིང་བྱེད་དགོས།

དང་པོ། སེམས་ཁམས་བདེ་ཐང་ཐད་ཀྱི་རིན་ཐང་།

བྱིས་དུས་ཀྱི་བག་ཆགས་ཀྱིས་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པ་དང་། ཡང་ན་མི་ཚེ་ཧྲིལ་པོའི་བདེ་སྐྱིད་ནི་ཧ་ལམ་བྱིས་དུས་ཀྱི་བག་ཆགས་དང་འབྲེལ་བ་ཟབ་མོ་ཡོད། དེར་བརྟེན། མི་ཞིག་གི་མ་འོངས་པའི་མི་ཚེའི་བརྒྱུད་རིམ་ཁྲོད་དུ་འཚོ་བ་བདེ་སྐྱིད་དང་ལུས་སེམས་བདེ་ཐང་ཡོང་མིན་དེ་བྱིས་དུས་ཀྱི་འཚོ་བའི་བག་ཆགས་དང་འབྲེལ་ཡོད་པས། བྱིས་པ་ཆུང་དུས་ནས་ཡང་དག་པའི་ལམ་དུ་ཁྲིད་དེ་སྐྱེད་སྲིང་བྱ་རྒྱུ་ནི་ལྡོག་ཏུ་མེད་པའི་འོས་འགན་ཡིན་པ་ང་ཚོའི་ཡིད་ལ་ངེས་དགོས།

སེམས་ཁམས་བདེ་ཐང་ཞེས་པ་ནི་སེམས་ཀྱི་དགའ་སྐྱིད་ལོངས་སྤྱོད་ཙམ་ལ་མི་གོ་སྟེ། གཙོ་བོ་རང་རྒྱུད་ན་བྱམས་སྙིང་རྗེ་ཡོད་མེད་དང་། རང་དོན་གཉེར་བར་བརྩོན་སེམས་ལྡན་མིན། ཤེས་རྟོག་དང་འདུ་ཤེས་འཛིན་སྟངས་ཡང་དག་ཡིན་མིན་བཅས་ལ་གོ་དགོས། དེ་བས་དམངས་ཁྲོད་དུ་དར་བའི་བྱིས་སྒྲུང་ནི་བྱིས་པའི་ན་ཚོད་དང་བསྟུན་པས་གོ་བདེ་བར་མ་ཟད། བརྗོད་པའི་དོན་ལ་རྩོད་གཞི་མེད་པ། སྤྱིའི་བརྗོད་གཞི་བརྩེ་བ་དང་འབྲེལ་ནས་ཡོད་སྟབས། བྱིས་པའི་སེམས་ཁམས་སྙོམས་སྒྲིག་བྱེད་པ་དང་། རང་རྒྱུད་ལ་བག་ཆགས་བཟང་པོ་ཞིག་བཞག་ནས་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་ཐོགས་ཆེན་པོ་ཡོད། བྱིས་སྒྲུང«བློ་རྣོ་བའི་རུ་རུ»ལས་རི་དྭགས་རུ་རུས་རང་གི་གཞུང་དྲང་དང་སྙིང་རྗེ་ཡིས་དྲིན་ལན་ལོག་འཇལ་བྱེད་མཁན་གྱི་མི་དེ་གུ་ཡངས་སུ་བཏང་བས། རྒྱལ་པོའི་དད་གུས་དང་བརྩི་བཀུར་ཐོབ་ཅིང་། དྲིན་ལན་ལོག་འཇལ་བྱེད་མཁན་གྱི་མི་གཤིས་ངན་པ་ཅན་ལ་རྒྱལ་པོ་ཞེན་ལོག་ནས་ཉེས་ཆད་བཅད། འདི་ནི་དྲང་ཕྱོགས་ཀྱི་མི་ལ་རྒྱལ་ཁ་ཐོབ་པའི་སེམས་ཀྱི་བདེ་བ་ཞིག་དང་། ལྡོག་ཕྱོགས་ཀྱི་མི་དེ་ཕམ་ཉེས་བྱུང་བས། ལས་གང་ལ་དགེ་སྡུག་དང་སྤང་བླང་གི་གནས་གསལ་བོར་བསྟན་ཡོད་པར་མ་ཟད། ཀློག་པ་པོའི་བསམ་པའི་རེ་འདུན་ཡང་སྐོང་ཐུབ།

གཉིས་པ། བསམ་བློ་ཀུན་སྤྱོད་ཐད་ཀྱི་རིན་ཐང་།

ཀུན་སྤྱོད་ཅེས་པ་ནི་མིའི་བྱང་ཚད་ལ་ཟེར་ཞིང་། མི་ཁྲེལ་ཡོད་གཞུང་དྲང་དང་རྒྱུ་འབྲས་བློ་མིག་ཅན་ནི་ཡ་རབས་སྤྱོད་བཟང་ཅན་ཡིན། དེ་ནི་བདེན་དགེ་མཛེས་གསུམ་གྱི་གཞི་རྩ་ཡིན། བྱིས་པས་འཇིག་རྟེན་ལ་ཐོག་མར་ཤེས་རྟོགས་དང་རྒྱུས་ལོན་བྱེད་དུས་ད་དུང་འཇིག་རྟེན་ལྟ་ཚུལ་ལ་རྐང་ཆགས་མེད་པས། ང་ཚོས་ཆུང་དུས་ནས་རྒྱུད་ལ་སྲོལ་བཟང་ཆགས་སུ་འཇུག་དགོས། བྱིས་པར་ཡང་དག་པའི་ཀུན་སྤྱོད་ཀྱི་འདུ་ཤེས་ཤིག་སྐྱེད་སྲིང་བྱེད་པ་ནི་མི་ཚེའི་ཁྲོད་ཆེས་གལ་ཆེ་བའི་དོན་ཞིག་ཡིན་པ་སུ་ལའང་གསལ་ན་ཡང་། འཚོ་བ་དངོས་ཀྱི་ཁྲོད་དུ་དོ་ཁུར་དང་ལག་ལེན་བྱེད་མཁན་ཤིན་ཏུ་དཀོན་ལ། དེ་ལྟའི་སློབ་གསོ་གཏོང་ཐབས་ཀྱང་དབེན་སྙམ་མོད། ཐོག་མར་བྱིས་པ་རྣམས་ཕྱི་རོལ་ཡུལ་གྱི་སྣང་ཚུལ་སྣ་ཚོགས་ལ་ཤེས་འདོད་ཀྱི་བློ་དྲག་པ་དང་མོས་པའི་བྱ་དངོས་ལ་ལད་མོ་བྱེད་པར་དགའ་བ་རྟོགས་དགོས་ལ། དོན་བཟང་ངན་གཉིས་ཀར་ལད་མོ་བྱེད་སྐབས་ལེགས་ཉེས་ལ་ཤན་འབྱེད་པའི་ནུས་པ་མེད་པའང་རྟོགས་དགོས།

བྱིས་པ་བདེན་དགེ་མཛེས་གསུམ་ལ་བློ་ཕྱོགས་ཤིང་། དེ་དོན་དུ་གཉེར་བའི་ལམ་ལ་འཁྲིད་པར་ཐབས་ཤེས་སྤྱད་ན། བྱིས་པའི་སེམས་ནི་དཀར་གཙང་གི་ཤོག་བུ་ཡིན་ལ། ཕ་མ་ནི་མིག་དཔེ་བལྟ་ས་ཡིན་པས། ནམ་རྒྱུན་ཕ་མས་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་གནས་ལུགས་དང་རིན་ཐང་ཅན་གྱི་བྱིས་སྒྲུང་འཆད་ཀློག་ལ་བརྟེན་ནས་བྱིས་པར་ཡང་དག་པའི་མི་ཚེའི་ཁ་ཕྱོགས་སྟོན་དགོས། དཔེར་ན«བྱ་སེམས་བཟང»ཞེས་པ་ལས་བྱིས་པ་ཞིག་གིས་ཨ་ཕའི་བཅོལ་གདམས་སེམས་ལ་མ་བཟུང་བས། མཐར་གདོན་འདྲེ་བསླངས་ཏེ་རང་ཉིད་ཉེན་ཁར་ཕྲད། དེ་ནས་སྲོག་ཆགས་གཞན་གང་གིས་ཀྱང་རོགས་བྱེད་མ་ནུས་པར་བྱ་སེམས་བཟང་ཞིག་ཡོད་པ་དེས་སྲོག་བསྡོས་ནས་ཁོ་ལ་རོགས་བྱས་པའི་གཏམ་རྒྱུད་དེས། ཕྱོགས་གཅིག་ནས་རྣམ་གཡེང་གི་ཉེས་དམིགས་བསྟན་ཏེ་ལས་གང་རུང་ལ་གཟབ་ནན་བྱེད་དགོས་པ་དང་། གཞན་ཕན་གྱི་སེམས་དང་ཀུན་སློང་རྣལ་མའི་རིན་ཐང་བརྗོད་ཡོད་ལ། ཕྱོགས་གཞན་ཞིག་ནས་མི་དང་སྲོག་ཆགས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་དགོས་པའི་བསམ་བློ་བརྗོད་ཡོད། «རི་བོང་དང་རུས་སྦལ»དང«རང་མགོ་ཆུ་འདྲེན»དང«སེང་གེ་དང་རི་བོང»སོགས་ལས་ཀྱང་རྫུན་སྤངས་ཤིང་གཞུང་དྲང་སྤྱོད་བཟང་དང་། ང་རྒྱལ་དོར་ནས་ཁེངས་སྐྱུང་བབ་ཆགས་ཀྱི་མི་ཞིག་བྱེད་པར་བརྩོན་པ་ལས། གཉོམ་ཆུང་ལ་ཐུབ་ཚོད་དང་འཕྱ་སྨོད་བྱས་ན་མཐའ་མར་རང་ཉིད་ཕོངས་པའི་རྒྱུ་ཡིན་པའི་གནས་ལུགས་བསྟན་ཡོད།

གསུམ་པ། འཆད་ཉན་འབྲི་ཀློག་ཐད་ཀྱི་རིན་ཐང་།

བྱིས་པ་མང་ཆེ་བས་ཉིན་ཐོ་འབྲི་མི་ཤེས་ལ་འབྲི་འདོད་ཀྱང་འཆར་སྣང་གིས་དབེན་པས། བསྐྱར་ཟློས་ཀྱི་དངོས་ཡོད་འཚོ་བ་ཐད་ཀར་ཡིག་ཐོག་ཏུ་ཕབ་པ་དེ་སྤྲོ་བ་དང་བྲལ་ཞིང་གསར་གཏོད་ཀྱི་ཆ་ཧ་ཅང་ཉུང་། འོན་ཀྱང་བྱིས་སྒྲུང་ལ་གོ་ཐོས་ཙམ་ཡོད་པ་དག་གིས་མཚར་སྣང་གིས་ཕྱུག་པའི་རྩོམ་ཐུང་འགའ་རེ་འབྲི་ཐུབ། ལུའུ་ཞུན་གྱིས“གླུ་དང་སྙན་ངག་ཚིག་གདངས་བཅས་ཐོག་མར་དམངས་ཁྲོད་ནས་བྱུང་ཞིང་། ཕྱིས་སུ་མཁས་པ་རྣམས་ཀྱིས་སྒྱུ་རྩལ་གྱི་ལས་སྣོན་ལ་བརྟེན་ནས་རང་གི་གསར་རྩོམ་དུ་གྲུབ་པ་ཡིན། ལྷག་པར་དེང་དུས་མཐོང་རྒྱུ་ཡོད་པའི་བརྩམས་སྒྲུང་གྲགས་ཅན་དག་ཀྱང་གནའ་བོའི་ལྷ་སྒྲུང་དང་བཤད་རྒྱུན། གཏམ་རྒྱུད་སོགས་དོན་བརྗོད་རྩོམ་ལུས་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཞིག་ཡིན”ཞེས་པ་ལས་དམངས་ཁྲོད་རྩོམ་རིག་གིས་གསར་རྩོམ་ལ་ཐེབས་པའི་ཤུགས་རྐྱེན་བརྗོད་ཡོད། ཁྱིམ་བདག་གིས་གསོན་ཉམས་ལྡན་པའི་བྱིས་སྒྲུང་འཆད་སྐབས། ནམ་རྒྱུན་འཆད་མ་མྱོང་བའི་ཕྱིས་ཀྱི་གཏམ་རྒྱུད་ལ་ལྷག་པར་མཚར་སྣང་ཆེན་པོའི་ངང་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་ཡིན། དེས་ཁོ་ཚོའི་ཉན་པའི་ནུས་པ་མཐོར་འདེགས་གཏོང་བ་རེད། དེ་བཞིན་དུ་བྱིས་སྒྲུང་ལ་ཉན་པའི་གོ་རིམ་ཁྲོད་ཚིག་སྦྱོར་གསར་པ་དང་ཐ་སྙད་གསར་པ་ལ་ཕྲད་པའི་ཚེ། ཁོ་ཚོས་དྲི་བ་མང་པོ་བཏོན་ཡོང་ལ་འབྲེལ་འདྲིས་འདི་དག་གི་ཁྲོད་ནས་བྱིས་པའི་འཆད་པའི་ནུས་པ་ཡང་འཕེལ་རྒྱས་གཏོང་བཞིན་ཡོད་པས། བྱིས་སྒྲུང་གིས་སྐད་ཡིག་སློབ་སྦྱོང་དང་འཆད་ཉན་འབྲི་ཀློག་གི་ཐད་ལ་རྨང་གཞི་ཟབ་མོ་ཞིག་འདིང་ཐུབ་པ་ཤེས།

བཞི་པ། འཆར་སྒོ་བསྐྱེད་ཅིང་བློ་སྒོ་འབྱེད་པའི་རིན་ཐང་།

བྱིས་སྒྲུང་གི་སྒྲིག་གཞི་དང་བྱུང་རིམ་སྟབས་བདེ་ཡིན་ལ། ཚིག་སྦྱོར་ངག་ལ་བདེ་ཞིང་སྙན་ཆ་ལྡན་པ། འཆར་ཡན་དང་རྟོག་བཟོ་སྣ་ཚོགས་ཀྱིས་ཕྱུག་པས། བྱིས་པའི་བློ་ངོར་བདེ་བླག་ངང་འཇོག་ཐུབ་པ་དང་། ནང་དོན་གྱིས་བྱིས་པའི་མཚར་སྣང་གི་འདོད་བློ་སྐོང་ཐུབ་པར་མ་ཟད། གསར་གཏོད་ཀྱི་ཤེས་པ་འཕེལ་ཞིང་བློ་སྒོ་འབྱེད་ཐུབ། དམངས་ཁྲོད་རྩོམ་རིག་ནི་མི་དམངས་མང་ཚོགས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བར་བསྲེག་བཅད་བརྡར་གསུམ་བྱས་ཏེ་བྱུང་བ་ཞིག་ཡིན་པས། བྱིས་པ་ཚོས་དེ་དག་ལ་བརྟེན་ནས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཤེས་རྟོགས་བྱེད་ཐུབ་ལ། རང་བྱུང་ཚན་རིག་ལའང་ཤེས་རྟོགས་མི་ཉུང་བ་ཞིག་བྱེད་ཐུབ། དཔེར་ན«རི་བོང་བློ་ལྡན»ཞེས་པ་ལས་རི་བོང་དཀར་པོ་དང་ལུ་གུ་གཉིས་ཆུ་འགྲམ་དུ་ཤ་གཟན་སྡིག་པ་ཅན་གྱི་སྤྱང་ཀི་གཅིག་དང་། ཁྲེལ་མེད་གཡོ་སྒྱུ་ཅན་གྱི་ཝ་མོ་ཞིག་གི་འཇིགས་ཉེན་ལ་འཕྲད་སྐབས། རི་བོང་དཀར་པོས་རང་གི་བློ་གྲོས་ལ་བརྟེན་ནས་སྲོག་ཉེན་ལས་ཐར་ཐབས་བྱས་པའི་གནས་ཚུལ་བཀོད་འདུག དེས་གཅིག་ནས་བྱིས་པའི་འཆར་སྒོ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། གཉིས་ནས་ཉེན་ཁ་ལ་འཕྲད་དུས་ཀྱི་ཐབས་ཤེས་བསྟན་ནས་བྱིས་པའི་བློ་སྒོ་འབྱེད་ཐུབ་པ་རེད།

«རུས་སྦལ་སར་ལྷུང་བ»ཞེས་པ་ལས་ཕྱོགས་གཅིག་ནས་བྱ་བ་གང་ཞིག་སྒྲུབ་རུང་ཁེངས་སྐྱུངས་དང་འགྲིག་མཐུན་བྱེད་དགོས་པ་དང་། ཕྱོགས་གཅིག་ནས་རུས་སྦལ་ནམ་མཁར་སྐྱེལ་བའི་བློ་རིག་པའི་ཐབས་ཤེས་བསྟན་པ་དེས་བྱིས་པ་ཚོའི་བསམ་གཞིག་གི་ནུས་པ་དང་། གནད་དོན་ཐག་གཅོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཐུབ། ཡང«རི་བོང་སྟག་མོ་ལས་རྣམ་པར་རྒྱལ་བ»ཞེས་པའི་ནང་རི་བོང་གིས་རང་གི་བློ་གྲོས་ལ་བརྟེན་ནས་ཀུན་ལ་འཚེ་བ་གཏོང་བའི་སྟག་མོ་གཏུམ་དྲག་ཅན་དེ་ཡུལ་དེ་ནས་མཐར་བསྐྲད་པ་རེད། གཏམ་རྒྱུད་འདི་བརྒྱུད་ནས་བྱིས་པ་ཚོ་ལ་རང་གི་བློ་རིག་ལ་བརྟེན་ན་གཉོམ་ཆུང་བཙན་པོ་ལས་རྒྱལ་ཐུབ་པའི་གནས་ལུགས་བསྟན་ཡོད།

མདོར་ན་བོད་ཀྱི་བྱིས་སྒྲུང་མང་ཤོས་སྲོག་ཆགས་དང་རྩི་ཤིང་ལ་འཆར་ཡན་དང་རབ་བཏགས་སྦྱར་ནས་བོད་མིའི་འདུ་ཤེས་འཛིན་སྟངས་དང་འཇིག་རྟེན་མཐུན་ལུགས། བསམ་གཞིག་དང་དོགས་སློང་། ཤེས་བྱའི་གནས་ལུགས་སོགས་གཟུགས་བརྙན་མེ་ལོང་དུ་འཆར་བ་བཞིན་བྱས་ཏེ་བྱིས་པ་ཚོའི་ཤེས་འདོད་ཀྱི་འདུན་པ་སྐོང་ཞོར། བྱིས་པའི་བསམ་གཞིག་གི་ནུས་པ་བསྐྱེད་ཅིང་རིག་ལམ་ཕྱེས་ཏེ། བྱ་དངོས་རྟོག་ཞིབ་ཐད་ནུས་པ་ཆེན་པོ་བཏོན་པས། ཁྱིམ་བདག་དང་དགེ་རྒན་རྣམས་ཀྱིས་དམངས་ཁྲོད་རྩོམ་རིག་ལས་བྱིས་སྒྲུང་གི་རིན་ཐང་ལ་དོ་ཁུར་དང་དོན་གཉེར་བྱེད་པ་བརྒྱུད། བྱིས་པ་རྣམས་ཀྱི་མི་གཤིས་ཀུན་སྤྱོད་དང་ཤེས་རིག་བློ་འབྱེད་ལ་ཕན་ཐོགས་པར་འབད་འབུངས་བྱེད་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号