རྐང་གྲུག་གི་གསོལ་སྟོན་ལ་གཟིགས། ཚོང་རྫས་ཀྱི་འགྲེམ་སྟོན་ལ་ཉུལ། མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་རྨ་ལྷོའི་འགྲན་རར་ཞུགས་པའི་མཐོང་ཐོས།

ཟླ6པའི་ཚེས11ཉིན།“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”ལྷག་རིམ་འགྲན་སྡུར་རྨ་ལྷོའི་འགྲན་ཁུལ་གྱི་འགྲན་སྡུར་ཐོག་མ་དེ་རྨ་ལྷོ་ཁུལ་ལུས་རྩལ་ར་བར་སྤེལ། ཐེངས་འདིའི་ལུས་རྩལ་འགྲན་སྡུར་ཁྲོད་མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་གིས་རྨ་ལྷོའི་རང་སའི་འགྲན་ཁུལ་དུ་ལང་ཚོའི་གསོན་ཤུགས་དང་རྐང་རྩེད་སྤོ་ལོའི་སྤྲོ་སེམས་འཕེལ་བར་བྱས་ཏེ་རྐང་གྲུག་གི་ལྟད་མོ་གཟབ་རྒྱས་ཤིག་ངོམ།

ཉིན་དེའི་ཆུ་ཚོད11སྟེང་། གསར་འགོད་པ་འགྲན་སྡུར་ཡུལ་དངོས་ལ་ཡོང་སྐབས་ཆར་པ་ཟམ་ཟིམ་ཞིག་བབས་ཡོད་ཀྱང་ལྟད་མོ་བའི་སྤྲོ་སེམས་སྔར་བཞིན་འགོག་ཐབས་མེད་པར་འགྲན་སྡུར་ཡུལ་དངོས་སུ་བསྐྱོད་བཞིན་ཡོད་ལ། ཡང་ལ་ལ་ཞིག་གིས་འགྲན་རའི་ཕྱི་རོལ་དུ་འགྲེམས་སྟོན་བྱས་པའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལ་མྱོང་རོལ་དང་ཉོ་ཚོང་བྱེད་བཞིན་འདུག

གསར་འགོད་པས་མཐོང་བ་ནི། མཚོ་བྱང་ཁུལ་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ཁུལ་དུ་སྐུ་མགྲོན་མང་བོས་འཚང་ཁ་ཤིག་ཤིག་གིས་ཐོན་རྫས་ལ་མྱོང་རོལ་དང་ཉོ་ཚོང་བྱེད་བཞིན་ཡོད་ལ། སྐུ་མགྲོན་མང་བོས་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ལ་ཁས་ལེན་དང་བསྟོད་བསྔགས་བྱེད་བཞིན་འདུག

ཐེངས་འདིའི་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་དང་ཕྱིར་ཚོང་བྱེད་པའི་ཁྲོད། མཚོ་བྱང་ཁུལ་ལ་ཁྱོན་འགྲེམས་སྟེགས4ཡོད་པ་དང་འགྲེམས་སྟོན་ནང་ཞིང་ཕྱུགས་ཁེ་ལས33ཞུགས་ཡོད་ཅིང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ལ་ཁྱོན་རིགས་ཆེ་གྲས30དང་ནང་གསེས150ལྷག་ཡོད་ལ། གཟུགས་འདུས་ཤུལ་བཞག་རིག་གནས་ལ་ཁྱོན་རྣམ་གྲངས6དང་རིགས6ལྷག་ཡོད།  ཐེངས་འདིའི་ཐོན་རྫས་འགྲེམས་སྟོན་བྱས་ནས་ཕྱིར་ཚོང་བྱེད་པའི་ནང་མདོ་ལའི་བོད་ལུག་དང་སྐམས་ཤའི་ཐོན་རྫས། འཇུ་ལག་གི་ལོག་དཀར་སྣུམ། སྦྲང་རྩི། ནས་ཆང་། རྐང་ཚའི་ནོར་གནག་ཤ་སྐམ། འབྲི་མོའི་འོ་ཆང་། སྔོ་ཚལ་སོགས་ཡོད།

ཚེ་རྒྱལ་ནི་རྨ་ལྷོ་ཁུལ་རེབ་གོང་གྲོང་ཁྱེར་གྱི་ཡུལ་མི་ཞིག་ཡིན་ལ། ཁོས་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ལ་བྲོ་བ་མྱངས་ནས་བསྔགས་བརྗོད་ཆེན་པོ་བྱེད་བཞིན། “སྔོན་ཆད་མཚོ་བྱང་གི་ཝང་ལུའོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་སྟོན་ལ་འགྲོ་སྐབས་མཚོ་བྱང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལ་ཧ་ཅང་སྤྲོ་བོ་བྱུང་སོང་། དེ་བས་ཁོ་ཡིན་གཅིག་མིན་གཉིས་མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་ལ་ཡང་བསྐྱར་ཐེངས་གཅིག་སོང་ནས་མཚོ་བྱང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལ་བྲོ་བ་མྱང་རྒྱུ་ཡིན་ཟེར།”

“དེ་རིང་ང་ཚོས་ཁེ་ལས30ལྷག་གི་ཐོན་རྫས་འཁྱེར་ཡོང་ཡོད། དེའི་ནང་སྐམས་ལུག་ཤ་དང་ལོག་དཀར་སྣུམ། སྦྲང་རྩི། ནས་ཆང་། རྐང་ཚའི་ནོར་གནག་ཤ་སྐམ། འབྲི་མོའི་འོ་ཆང་སོགས་ཡོད། ཚོང་ཆེས་བྲིན་ཤོས་ནི་པད་དཀར་སྣུམ་དང་སྦྲང་རྩི་ཡིན་པས་གཞོན་ནུ་ཚོས་ཧ་ཅང་དགའ་པོ་བྱེད་བཞིན་འདུག”ཅེས་མཚོ་བྱང་གི་འགན་འཁུར་བ་ཀྲང་ཕེང་གིས་དེ་ལྟར་ངོ་སྤྲོད་བྱས།

ཆུ་ཚོད14དང་སྐར་མ50ཙམ་གྱི་སྟེང་འགྲན་སྡུར་དངོས་སུ་མགོ་བརྩམས། ཀི་ཀི་བསྭོ་བསྭོའི་ལྷ་རྒྱལ་དང་འགྲོགས་ཏེ་ཕྱོགས་གཉིས་ཀྱི་རུ་མི་རྣམས་འགྲན་སྡུར་ལ་ཞུགས་ནས་ཚོགས་རར་འདུ་འཛིའི་ཡོ་ལང་རྒྱས་པར་བྱས།

ཡུལ་དངོས་སུ་ཡོང་བའི་ལྟད་མོ་བ་རྣམས་ནི་རང་སའི་འགྲན་ཁུལ་ཏེ་རྨ་ལྷོ་ཁུལ་གྱི་རྐང་གྲུག་ལ་དགའ་མཁན་ལས་གཞན་ད་དུང་མཚོ་བྱང་ཁུལ་ནས་ཡོང་བའི“གཉེན་ཉེ་དང་གྲོགས་པོའི་ཚོགས་པ”ཡང་ཡོད། ཡུལ་དངོས་སུ་ལྟད་མོ་བ་བཀྲ་ཤིས་ཟླ་བས་གསར་འགོད་པར“ང་ཚོ་མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་གི་རྐང་གྲུག་ལ་དགའ་མཁན་རྣམས་སྔ་མོ་ནས་ཡུལ་དངོས་སུ་ཡོང་ནས་རང་ཉིད་ཀྱི་རུ་ཁག་ལ་ཤུ་རེ་བྱེད་དགོས་འབོད་སྐུལ་སྒྲོག་བཞིན་ཡོད”ཅེས་བཤད།

“ཡག་ཐ། ཡག་ཐ། ལྟད་མོ་ཡག་ཐ”ཞེས་སྟེགས་བུའི་སྟེང་ནས་རྐང་གྲུག་ལ་དགའ་མཁན་ཚོས་དར་ཆ་གཡུགས་པ་དང་ངར་སྐད་སྒྲོག་བཞིན་ཕྱོགས་གཉིས་ལ་དགའ་འབོད་དང་བསྟོད་བསྔགས་བྱེད་བཞིན་འདུག

མཚོ་སྔོན་མཐོ་སྒང་རྐང་གྲུག“ལྷག་རིམ་འགྲན་སྡུར”ནི་མྱུར་ཚད་དང་སྤྲོ་སེམས་འཁོལ་བའི་རྐང་རྩེད་སྤོ་ལོའི་དགའ་སྟོན་ཞིག་ཡིན་པར་མ་ཟད་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ལ་བསྐྲུན་པའི་འགྲེམས་སྟོན་གྱི་སྟེགས་བུ་ཞིག་ཀྱང་ཡིན་པས། ཕྱོགས་བཞིའི་སྐུ་མགྲོན་མ་ལུས་དག་སྣང་མཚོ་བྱང་ལ་ཕེབས་པར་དགའ་བསུ་ཞུ། 

ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར42153ཡིན་པ་དང་། དེའི་ནང་དྲ་ཕྱི་ནས་སྒོར13260དང་དྲ་ཐོག་ནས་སྒོར28893ལྷག་གི་ཐོན་རྫས་ཕྱིར་ཚོང་བྱས་འདུག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号