ང་ཡི་ཨ་མ་ཆེ་བ།

—རྩོམ་ཡིག་འདི་ལོ་རྒན་བརྒྱད་ཅུར་ཉེ་བའི་ཨ་ཕྱི་ལགས་ལ་ཕུལ་བ་ཡིན།

ཆུ་བ་བདེ་དགའ།(རྭ་རྒྱ།)


ངའི་ཨ་མའི་ཨ་མ་སྟེ་ང་ཡི་ཨ་ཕྱིའི་མིང་ལ་ངས་ཨ་མ་ཆེ་བ་ཞེས་འབོད་ལོབས་སུ་སོང་ཡོད། ཕ་ཡུལ་དུ་ཨ་ཕྱིའི་འབོད་མིང་ལ་བོད་ཀྱི་ས་ཆ་ཀུན་དང་མཚུངས་པ་ཞིག་གམ་སྤྱི་མཐུན་ཞིག་མེད་མོད། འདོད་རྒྱལ་ལྟ་བུའམ་ཡར་མར་མཉམ་བསྲེས་ཀྱིས“ཨ་ཡེས”དང“ཨ་མ་ལོ་ལོན།” “ཨ་མ་ཆེ་ཆེ”ཞེས་ཏེ་བྱེ་བྲག་གི་དབྱེ་བ་གང་ཡང་མེད་པར་འདྲ་ཆགས་པ་ཞིག་སྤྱོད་ཀྱིན་འདུག རེད། ངའི་ཨ་ཕྱིའི་མིང་ལ་ཐེ་ཐེ་ཟེར་ཞིང་། ཁོང་ཚོའི་དུས་སྐབས་ཀྱི་ཐོབ་ཐང་དཔང་ཡིག་ཆུ་ཤོག་གིས་ཐུམ་བརྒྱབས་པ། རྡེབ་བུ་ལེབ་མོར་ཡོད་པ་དེའི་ངོས་སུའང་། རྒྱ་ཡིག་གིས“太太”ཞེས་བྲིས་འདུག སྔོན་མ་ཡིན་ན་ངས་དེ་མོའི་གཅེས་མིང་རེད་སྙམ་མོད། ཕྱིས་སུ་དེ་འདྲ་ཞིག་རེད་མི་འདུག 


ངའི་བག་ཆགས་ཀྱི་ངོས་ན་ཨ་མ་ཆེ་བ་ནི་སྐྲ་སླེ་རྒྱུར་ཧ་ཅང་དགའ་བའི་འབྲོག་མོ་ཞིག་ཡིན། དུས་རྒྱུན་རྟགས་སྟོན་མོ་དང་དུས་ཆེན་སོགས་ཀྱི་སྐབས་སུ། ཅི་ཐུབ་ཀྱིས་རུ་སྐོར་གྱི་བུད་མེད་དག་འབོད་པའམ་རང་གི་བུ་མོ་དག་བོས་ཏེ་སྐྲ་སླེ་ཞིང་ཕ་ཡུལ་གྱི“རལ་བ་སུམ་ཤར་མ”བཏགས་ནས་འགྲོ་སྲིད། ཁོང་མོ་ལོ་ན་གཞོན་དུས་རྐྱལ་རྩལ་ལྡན་ཞིང་བཞོན་ཤེ་གསོག་ལ་མཁས་པ་ཞིག་ཡིན། ང་རང་པྲ་ཚགས་ཤེས་མི་བཟོད་པ་ཞིག་ཡིན་པས་སམ། གང་ལྟར་ཁོང་མོ་སྡེ་བའི་ནང་གི་སྤྱི་སྲུང་སོགས་ལ་འགྲོ་ཚེ། གསང་སྟབས་ཀྱིས་བུད་འགྲོ་བ་ལས་ང་འཁྲིད་མི་སྲིད། དེའི་དོན་ལ་ང་ཁོང་མོར་སྡང་མྱོང་ཞིང་ངུ་ཁ་ལུགས་ཏེ་ཨ་ནེ་ཆུང་བ་དང་མཉམ་དུ་བསྡད་པ་བགྲང་ལས་འདས།


ང་ཡི་ཨ་མ་ཆེ་བ་ནི་བཙན་པོ་ཞིག་ཡིན། སྤོ་ལངས་དུས་རྣམ་ཀུན“མྱི་ཟོག་འདི”ཞེས་སྡིག་སྲིད། ཆུང་དུས་ང་ལ་ལག་མང་ཞིང་སྡོད་བཟོད་མེད་པ་ཞིག་ཡིན་སྟབས། རུ་སྐོར་ཁྱིམ་མཚེས་ཀྱི་སྒོ་སྒེའུ་ལ་རྡོ་འཕེན་པ་དང་། གཞན་ཡོང་གི་ནོར་ལུག་ལ་རྭ་རྡོ་སྤྲོད་པ། ཟ་མ་ཟ་སྐབས་གནར་ནས་ཟ་བའི་ངན་གཤིས་ཡོད་པ་སོགས་ཀྱིས། ཁོང་མོས་འཕྲལ་དུ་ང་ལ་གཤེ་སྲིད་ལ་རྡུང་ཡང་ངེས། དེ་དུས་འབྲོག་ཁུལ་དུ་བརྙན་འཕྲིན(电视机)དར་མོད། ཨ་མ་ཆེ་བ་ངེད་གཉིས་ལ་སྒྲ་སྡུད་འཕྲུལ་ཆས(收音机)ཤིག་མ་གཏོགས་མེད་པས། ང་རྟག་པར་ནུབ་ཚ་འཐུང་རྗེས་ཨ་ཞང་ཤེས་རབ་ཚང་ལ་བརྙན་འཕྲིན་ལ་བལྟ་རུ་འགྲོ་སྲོལ་ཡོད། ཁོང་མོས་ང་རང་ཕྱིར་ཉིན་སྔ་མོར་ལངས་མི་ཐུབ་པ་ཤེས་པས། ནམ་རྒྱུན་བརྙན་འཕྲིན་ལ་བལྟ་རུ་འགྲོ་བར་བཀག་འགོག་བྱེད། འོན་ཀྱང་སྐབས་འདི་ཙམ་ལ་ངས་ཁོང་མོར་མགོ་གཡོགས་སྣ་ཚོགས་ཤིག་འཐེན་ནས། ཨ་ཞང་ཚང་དུ་བརྙན་འཕྲིན་ལ་བལྟ་རུ་བྲོས་པ་ལན་མང་ཡིན། སྐབས་དང་སྐབས་སུ་འབྲོ་རྒྱུ་ཅུང་འཕྱི་སོང་བས། ཨ་ཞང་ཚང་ལ་ཐད་ཀར་དུ་མ་སོང་བར། ཁོ་ཚང་གི་གྱང་ཁ་ནས་ཀྱང་བལྟས་མྱོང་།


ང་ཡི་ཨ་མ་ཆེ་བ་ནི་འཚོ་བའི་རིག་གནས་ལ་བྱང་ཆ་ལྡན་པ་ཞིག་ཡིན། ཁྱོ་ག་སྔ་མོ་ནས་ནད་ཀྱི་དབང་གིས་མེད་སོང་རྐྱེན། ཁྱོ་གའི་ཕ་མ་གཉིས་དང་རང་གི་བུ་ཕྲུག་བཅུ་གཅིག་པོ། ཁོང་མོ་གཅིག་པུའི་འཚོ་བའི་ཤེས་རབ་ཀྱིས་བསྐྱངས་ནས་ཡོང་བ་རེད། དེའི་སྐབས་སུ་ཤེ་གསོག་བྱེད་པ་དང་ཕྲུ་གུ་ཚོ་ཁྲིད་ནས་ཤིས་ཐང་རྐོ་བ། ལུག་བལ་དང་ཁུ་རྩིད་བཙོང་བ་སོགས་ཀྱིས་འཚོ་བ་བསྐྱལ་ཞིང་། ཕྱིས་སུ་ང་རང་ཁོང་མོའི་འཁྲིས་ན་ཡོད་སྒང་དུའང་། དགུན་སར་བཟུང་བའི་འབྲི་རྒན་ཁེར་མ་གཉིས་མ་བོ་ལས་མར་ཕྱུར་ཐག་རྒྱག་རེ་རྙེད་ཅིང་། ཁ་བཞོན་དུ་ཡོད་པའི་ར་མ་བཞོས་ནས་ཀྱང་ཅིག་གི་སར་བསྐྱལ་འཇོག་དཔེ། ཨ་ཞང་ཆུང་ཆུང་བ་སྐྱ་སར་མ་བབས་པའི་གོང་དུ། ཁོང་མོ་ལོ་ལྔ་བཅུའི་ནང་ལ་ཡོད་མོད་བརྒྱུགས་ན་མྱུར་ཞིང་དབྱར་རྩྭ་བརྐོས་ན་ང་ལས་ལྷག་པ་ཡོད། ང་ཡི་ཨ་མ་ལགས་ཀྱིས་བཤད་པ་ལྟར་ན། ཁོང་ཚོ་ནར་སོན་རྗེས་ཨ་མ་ཆེ་བས་དེ་ཙམ་སྡུག་རིག་མྱོང་མེད་ཟེར། འོན་ཀྱང་ཁོ་མོའི་ལག་པའི་མཛུབ་ཀུ་རེ་རེའི་ཚུགས་འཁྱོག་ཡོད་པ་ལ་བལྟས་ཚེ། ཁོ་མོ་ཆུང་དུས་སུ་སྡུག་མང་དག་ཅིག་རིག་མྱོང་ཡོད་པ་ཚོད་ཀྱིས་ཐིངས།


ང་ཡི་ཨ་མ་ཆེ་བ་ནི་རྒྱན་ཆ་འདོགས་རྒྱུར་ཤིན་ཏུ་མོས་པ་ཞིག་ཡིན། ཁོ་མོར་ནང་ན་གཡུ་དང་གནའ་བྱུར། བ་སོ་ཡོད་པའི་སྐེ་རྒྱན་ཞིག་ཡོད། དེ་རྒྱུན་དུ་ཁོ་མོ་དང་མཉམ་དུ་གནས། གཞན་ཁོ་མོར་མཛུབ་དཀྲིས(ངེད་ཀྱི་ཕ་ཡུལ་དུ་མཛིག་སྐྱིས་ཟེར།)རྟ་སྒ་མ་ཞིག་ཡོད། ནམ་རྒྱུན་ལྕི་ལས་དང་ས་ལས་གང་རུང་ཞིག་བྱས་ཚར་རྗེས། ལག་པ་བཀྲུ་ཞོར་དུ་རྩི་ཏོའམ་ཤིང་ཐུང་གང་རུང་གིས་སེམས་ཞིབ་མོས་དེའི་ནང་དུ་འཚངས་པའི་རྡུལ་དག་ཉ་ར་བྱེད། མཚམས་ཤིག་ནས་ཁོ་མོར་ཁ་བཏོན་འདོན་བྱེད་ཀྱི་བ་སོའི་ཕྲེང་བ་ཆུང་ཆུང་ཞིག་ཀྱང་ཡོད། དེའང་མོ་ལ་མཚོན་ན་མེད་དུ་མི་རུང་བའི་ཅ་ལག་རྩ་ཆེན་ཞིག་ཡིན།


ང་ཡི་ཨ་མ་ཆེ་བ་ནི་ཁོང་མོ་དང་ན་མཉམ་པའི་བགྲེས་མོ་དག་དང་ལར་མི་འདྲ། གཟུགས་པོ་ཡག་པོ་ཞིག་ཡོད་པས་ཀོ་ལྷམ་ནག་པོ་དང་རས་ལྭའམ་སི་ཚར་གྱོན་རྒྱུར་དགའ་ཞིང་། གྱོན་ན་སྒྲོས་དག་ཅིང་གཟི་ཉམས་ལྡན་པ་ཞིག་ཡིན། ཚེ་གང་བོར་བོད་ལྭ་ལུས་དང་བྲལ་མ་མྱོང་། ངས་ཞིབ་རྩིས་བླངས་མ་མྱོང་ཡང་ཧ་ལམ་ལོ་གཅིག་གི་ནང་ལ་ཕ་ཡུལ་གྱི“རལ་བ་སུམ་ཤར་མ་སོ་མ”རེ་འདོགས་ངེས། དེའི་ཆེད་དུ་ངའི་ཨ་ནེ་ཆེ་བས་དུས་རྒྱུན་རལ་བ་འཚེམ་བཟོ་བྱས་པས། སྡེ་བའི་ནང་དང་ཁོ་མོ་ཡོད་སའི་གནས་སུ་རལ་བཟོ་རྩེ་ཕུད་ཀྱི་མིང་བཏགས་ཡོད།


ང་ཡི་ཨ་མ་ཆེ་བ་ནི་གསོག་ཉར་ལ་མཁས་པ་ཞིག་ཡོད། བུ་ཕྲུག་དག་གིས་བྱིན་པའི་དངུལ་དག་གྲུ་མོ་ཅུང་ཟད་ཅིང་སྟེང་གི་རྩི་ཡང་ཡལ་བའི་སྒོར་ཁུག་ཁམ་ཁྲ་ཞིག་ཡོད་པར་འཇུག་ལ། སྐབས་དེ་དག་ལ་ངས་ཟ་ཟུར་ནས་ང་ལའང་དེ་འདྲའི་སྒོར་མོ་མང་བོ་ཡོད་པའི་སྒོར་ཁུག་ཅིག་ཡོད་ན“ཨང་ཧང་ཧང”འདོད་མྱོང་ལ། ནང་ནས་ལྔ་ཤོག་རེ་ལེན་ཡང་མྱོང་། ད་མྱི་སྐྲག་སྤྱད་རེད་ལ། ཧ་ཧ་ཧ། ཁྱིམ་གྱི་ཡ་ཕུགས་ན་ཕྱེ་འབྲས་དང་ཇ་ནག་འཇོག་སའི་ཤིང་སྒམ་ཁ་ལེབ་ཕྱི་ལྟག་ལ་ཕྱེ་དགོས་པ་ཞིག་ཡོད། ཁྱིམ་དུ་འགྲུལ་བ་རེ་ཡོང་དུས་ཨ་མ་ཆེ་བས་དེའི་ནང་ནས་རི་བོང་ཀ་ར་སོགས་རྣམ་པ་སྣ་ཚོགས་ཀྱི་ཀ་ར་བོག་ཆ་བོག་ཆ་བྱས་ནས་འགྲུལ་བར་ལག་སྐྱེས་སུ་སྤྲོད་ལ། དེ་ཤེད་ལ་ངས་དེ་ག་ན་འཛད་མེད་ཀྱི་ཀ་ར་མང་བོ་ཞིག་ཡོད་སྣང་ཤར། རྗེས་སུ་ཨ་མ་ཆེ་བ་མེད་པའི་སྐབས་དང་བསྟུན་ནས་ངས་བང་མཛོད་ཆུང་ཆུང་དེར་རྐུན་མ་བྱས་པ་གྲངས་མང་ལ། ཁོ་མོའི་ལག་ནས་ཐལ་ལྕག་ཚ་བེར་བེར་རེ་ཉོས་པའང་སུ་ལ་མི་གསལ་ང་ལ་གསལ།


ང་ཡི་ཨ་མ་ཆེ་བ་ནི་ལ་གཞས་དང་དམངས་གླུར་ཉན་སྤྲོ་བ་ཞིག་ཡིན། བག་ཆགས་ཀྱི་ངོས་ན་ཁོ་མོས་ཉལ་ཁར་སྒྲ་ཕབ(录音机)ལས་ལུ་གུ་རྒྱལ་དང་རིན་ཁོ། ཚེ་དཔག་སྐྱབས། བཀྲ་ཤིས་སྒྲོལ་མ་སོགས་ཀྱི་ལ་གཞས་ལ་ཉན་ཞིང་། རྗེས་སུ་ནམ་མཁའ་དང་རྡོ་རྗེ་ཚེ་བྷེ། ལྷུན་གྲུབ་བཅས་ཀྱི་ལ་གཞས་ལའང་ཉན་གྱིན་འདུག དེ་ལས་ང་ལ་བག་ཆགས་ཟབ་ཤོས་ནི་ནམ་མཁས་བླངས་པའི་ཏྰ་ནི་སྟོད་དང་ཚེ་དཔག་སྐྱབས་ཀྱི་ལ་གཞས་དག་ཡིན་པས། ད་ལྟའང་ཉན་ན་བློ་ཡིད་བདེ་བའི་སྣང་བ་སྟེར། ཨ་ནེ་ཆུང་བ་ནར་སོན་པ་དང་མཉམ་དུ་ཁོ་མོ་ཡང་གླུར་ཉན་རྒྱུར་དགའ་སྟབས། ཨ་མ་ཆེ་བར་སྒྲ་ཕབ་གསར་བ་ཞིག་ཉོས་ཤིང་དེ་རུ་སྒྲ་ཐག་གྲག་ཏུ་བཅུག་ན་ཆོག་པའི་མི་ཚད། སྒྲའང་བླངས་ན་ཆོག་པས་ང་རང་ཧ་ལས་སོང་། ཉིན་ཞིག་ཨ་མ་ཆེ་བའི་སྒྲ་ཕབ་གསར་བ་དེ་བརྐུས་ནས་ལུག་རྫི་ནས་རང་གིས་རྡུང་ལེན་བླངས་ཤིང་སྒྲར་འཇུག་བྱས་པས།  ཨང་ཧང་ཧང་། ང་ལས་སྐྱིད་པ་ཞིག་གང་ན་ཡོད་ཀྱང་སྙམ།


ང་ཡི་ཨ་མ་ཆེ་བ་ནི་ད་ལྟ་དགུང་ལོ་དོན་བདུན་ལ་བུད་ཡོད། ལོ་འགའི་སྔོན་ལ་ངས་ཁོ་མོར།“ཨ་མ། ད་ནི་ཁྱོད་ཀྱིས་སྐྲ་མ་སླེ།སྐྲ་ཇེ་ཐུང་ལ་བཏང་ན་མི་བཟང་ངམ། དུས་རྒྱུན་རལ་བ་བཏགས་ན་སྐྲའང་མང་བོ་ཤུད་ཀྱིན་འདུག་ཅེས་བཤད་པ་ན། ཁོ་མོ་སྤོ་ལངས་ཞོར། སྐྲ་བཞར་ན་རང་གི་ཨ་མའི་སྐྲ་བཞོར་ཞེས་ང་ལ་གཤེ་གཤེ་བཏང་སོང་།”དེ་ནས་བཟུང་ངས་དེའི་སྐོར་གྱི་ཚིག་གཅིག་ཀྱང་བཤད་མྱོང་མེད། མཚམས་མཚམས་མ་གཏོགས་གཟུགས་པོ་ཐང་བོ་ཡིན། གནས་ལུགས་ལྟར་ན་ཁོང་མོ་ད་ཀོ་ལུས་སྒུར་ཞིང་རྣམ་རིག་ཀྱང་རྡིབ་ལ་ལྷུང་བའི་ཚོད་དུ་ཆོག་མོད། སྔར་བཞིན་སྐྲ་ཕྲ་བར་སླེ་ལ་དགའ་ཞིང་། སྲང་ངམ་དགོན་པར་སྐོར་བར་འགྲོ་སྐབས་བོད་ལྭ་སྤུས་གཙང་གིས་གྱོན་པ་དང་། གཟུགས་པོ་སྔོན་ལྟར་དྲང་ཞིང་མིག་ལ་མཛེས་པ། རྣམ་རིག་ནམ་ལངས་ཉི་ཤར་ལྟར་ཡོད་པས་ན། ང་རང་གུང་གསེང་གི་སྐབས་སུ་རྟག་ཏུ་ཁོ་མོའི་སར་ཕྱིན་པ་ཡིན་ལ། ཁོ་མོས་བསྐོལ་བའི་ཁོ་ཅ་ནེ་གསུམ་བཞི་རེ་འཐུང་བ་ཡིན། དུས་ནི་ཇི་ལྟར་འགྱུར་ཡང་ཁོ་མོས་བསྐོལ་བའི་ཁོའི་བྲོ་བ་སྔར་ལྟར་རང་ཆས་སུ་འདུག ཡིན་ཡང་སྐབས་དེ་དག་ཏུ་ངས་ཁོ་མོར་བལྟས་ཀྱིན་བལྟས་ཀྱིན་ངུ་སྙིང་མགོ་མི་ནོན་པ་རེ་བྱུང་མྱོང་། རེད་དེ་ང་ངུས་མ་མྱོང་། རྒྱུ་མཚན། ཁོ་མོ་སྐྱེས་པ་ངུ་བར་ཧ་ཅང་མི་དགའ་ཞིང་ཡིད་སུན་པ་ཞིག་ཡིན།


མ་འོངས་པ་ནི་སུས་ཀྱང་བཤད་མི་ཐུབ་པ་ལྟར། གནས་ཚུལ་ག་འདྲར་འགྱུར་བ་མི་ཤེས་མོད། ཁྱིམ་འདི་ལས་གྱེས་པའི་སྦྲ་སྒོ་ཆེན་པོ་བཅུ་གཅིག་པོར་མཚོན་ན། ཨ་མ་ཆེ་བ་ལགས་ད་དུང་ཡང་ཐང་བོར་འཚོ་གཞེས་གནང་ཐུབ་པ་འདི་ནི། བསོད་ནམས་ཤིག་དང་བདེ་སྐྱིད་ཅིག་ཅི་ལ་མིན་ཨང་།

2022.10.31ཉིན་གངས་འདབས་ཀྱི་སློབ་ཆུང་ཞིག་ཏུ་བྲིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号