འབྲོག་པ་ཞིག་བྱེད་པའི་བདེ་སྐྱིད།

འབྲོང་ཕྲུག

ཉེ་བའི་ལོ་འདི་དག་གི་རིང་ལ། ངས་འབྲོག་པ་དང་འབྲེལ་བའི་རྩོམ་ཡིག་རེ་འགའ་མ་གཏོགས་འབྲི་མ་ཐུབ་ནའང་། འབྲོག་པ་དང་འབྲེལ་བའི་རྩོམ་ཡིག་མང་དུ་བཀླགས་ཐུབ་སོང་། འབྲོག་པ་ཞིག་བྱེད་པའི་བདེ་སྐྱིད་དེ་ནི་འབྲོག་པ་དང་འབྲེལ་བའི་མིང་དང་ཚིག་གི་ཚེག་ཕྲེང་བསྟར་ལ་བརྒྱུས་པ་ཙམ་གྱིས་ཡོང་བ་ཞིག་མིན་ནའང་། ངའི་བསམ་པ་ཞིག་ལ། ཅི་ཡང་མ་ཤོད་པ་དང་གཅིག་ཀྱང་མ་ཕྲིས་པ་ཙམ་གྱིས་དེ་བས་མི་ཡོང་བ་འདྲ།

ལོ་ན་ཆུང་དུས་སུ། ང་རང་ལོ་ངོ་དུ་མའི་རིང་ལ་འུར་ལྕག་འཛིན་པའི་འབྲོག་པའི་བུ་ཕྲུག་ཅིག་བྱེད་མྱོང་སྟེ། སྐབས་དེའི་བདེ་སྐྱིད་ནི་དེང་གི་ནང་བཞིན་ཟས་ཞིམ་པོ་དང་གོས་ཡག་པོ་འཛོམས་པ་ཙམ་གྱིས་མཚོན་ཐབས་མེད་པ་ཞིག་ཡིན། ཕལ་ཆེར། ལོ་བརྒྱད་ལ་བུད་པ་ནས་འབྲོག་པའི་ཁ་དཔེར་བརྒྱད་པ་སོ་ཆག་ནོར་རྫི་ཞེས་པ་ནང་བཞིན་ང་རང་ནོར་རྫི་བྱས་མྱོང་། དྲན་པའི་ཁྲོད་ཝ་ལེར་གསལ་བའི་བག་ཆགས་ལ། དབྱར་གྱི་ཆར་ཆུའི་ནང་དུ་རྫ་མགོ་རི་མགོ་ནས་ཆར་གཞའ་བྱེད་ས་ནི་བྲག་འོག་དང་གད་འོག་ཡིན་པ་འདྲ་ལ། སྐབས་ལན་རེར་ཆར་ལྭའི་ཚུལ་དུ་ཆུ་ཤོག་ཆེ་ཆུང་གང་རུང་རེ་ཁྱེར་ཡོད་ཚེ་དེ་དག་བྲ་མ་དང་གླང་མའི་སྟེང་བཀབ་སྟེ་མགོ་སྦྲ་ཆུང་ཆུང་ཞིག་ཕུབ་ཆོག ང་ནི་དེ་འདྲའི་མགོ་སྦྲའི་ནང་དུ་ཆར་གཞའ་བྱས་ཐེངས་ཧ་ཅང་མང་། ཆར་ཐིག་ཆུ་ཤོག་སྟེང་ལྷུང་བའི་སྒྲ་དེ་ནི་བར་མཚམས་མེད་པའི་མཉམ་སྒྲོག་རོལ་མོ་ཞིག་དང་འདྲ་བར་གོ་རིམ་ལྡན་ལ་འགྱུར་ཁུགས་ཀྱང་ཡོད་པ་ཞིག་ཡིན། སྐབས་ལན་རེར། སྒྲ་དབྱངས་དེའི་དབྱིངས་སུ་ཞུགས་ཚེ་ལུས་སྟེང་གི་གྱོན་གོས་རློན་པ་དང་ལུས་འོག་གི་ས་འཁྱག་ལ་ཅི་མི་སྙམ་པར་གཉིད་སྐྱིད་པོ་ཞིག་ཡོང་བའི་དུས་ཀྱང་ཡོད་དེ། རྗེས་སུ། ངས་རང་གི་རོགས་མཐུན་གློག་བརྙན་འཁྲབ་གཞུང«དབྱངས་ལ་བརྒྱུས་པའི་བརྩེ་བ»ཞེས་པའི་ནང་དུ། མི་སྣ་གཙོ་བོ་གངས་དགའ་དོན་གྲུབ་དང་ཚེ་རིང་མེ་ཏོག་གཉིས་ཐེངས་འགར་ཆར་ནང་ཁ་ཐུག་ཏུ་བཅུག་མྱོང་། གཞོན་པའི་ལང་ཚོ་དང་ཉི་ཤུའི་བརྩེ་དུང་ནང་གི་བུ་དང་བུ་མོ་དག་ནི་ཆར་ཆུ་ཙམ་གྱིས་འགོག་ཐུབ་པ་ཞིག་མིན་ནའང་། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་བརྒྱུད་པའི་གོ་རིམ་ཁྲོད་དུ་ངའི་ཕོ་ལོ་བཅོ་ལྔ་ཉི་ཤུ་ནི་དབྱར་གྱི་ཆར་ཆུ་དང་དགུན་གྱི་བཙག་རླུང་ལ་ཁ་བྲལ་ནས་དུས་ཡུན་རིང་བོ་འགོར་སོང་། ངས་ཆེད་དུ་གངས་དགའ་དོན་གྲུབ་དང་ཚེ་རིང་མེ་ཏོག་གཉིས་དེ་ལྟར་ཆར་ནང་ཁ་ཐུག་ཏུ་བཅུག་མྱོང་། དེ་ལྟར་ཆར་ཆུ་ལ་ཅི་མི་སྙམ་པར་ཕན་ཚུན་ལ་ཡུན་རིང་བོར་སེམས་སུ་ཉར་བའི་སེམས་གཏམ་བཤད་དུ་བཅུག་མྱོང་། དེ་ལྟར་ཆར་ཆུ་ལ་ཅི་མི་སྙམ་པར་ལང་ཚོའི་གཞུང་གི་བརྩེ་འདང་ནི་ཆར་ཆུས་ཀྱང་གཞིལ་དུ་མེད་པའི་མེ་ལྕེ་བཞིན་ཕན་ཚུན་གྱི་ལུས་སེམས་དྲོད་ལ་ཕབ་ཏུ་བཅུག་མྱོང་། ངས་རང་གི་གློག་བརྙན་འཁྲབ་གཞུང་གཞན་ཞིག་ཏུ། གངས་དགའ་དོན་གྲུབ་དང་ཁོའི་གྲོགས་པོ་གཉིས་ཆར་ནང་དུ་སྣང་དོག་ཅི་ཡང་མེད་པར་བསྡད་ནས་རང་ཉིད་དགའ་བའི་བུད་མེད་དང་རང་གིས་འདོད་པའི་བརྩེ་དུང་གླེང་ཞོར་ཧ་ཧ་ཧོ་ཧོའི་དགོད་སྒྲ་སྒྲོག་ཏུ་བཅུག་མྱོང་། ང་ལ་དེ་འདྲའི་འཚོ་བ་ཡོད་མ་མྱོང་ནའང་ངའི་ཕུ་བོ་དང་ནུ་བོ་དག་ལ་དེ་འདྲའི་འཚོ་བ་རྒྱུན་ལྡན་དུ་ཡོད་མྱོང་། དེ་ནི་ངའི་ཕུགས་བསམ་ཁྲོད་ཀྱི་འབྲོག་པའི་བདེ་སྐྱིད་ཅིག་ཡིན། ང་རང་དེ་ལྟ་བུའི་འབྲོག་པ་ཞིག་བྱེད་པའི་བདེ་སྐྱིད་དང་གྱེས་ནས་ཡུན་རིང་འགོར་སོང་།

ང་རང་སློབ་གྲྭར་སོང་བ་ནས་བཟུང་། དབྱར་གནང་དང་དགུན་གནང་གི་དུས་ཚོད་ནི་དབྱར་ས་དང་དགུན་སར་འགྲོ་ཐུབ་པའི་གོ་སྐབས་ཁོ་ན་ཡིན། སྐབས་དེ་དག་ཏུ་ད་གཟོད་ང་རང་འབྲོག་པ་ཞིག་བྱེད་པའི་བདེ་སྐྱིད་ཉམས་སུ་མྱོང་ཐུབ་པ་ཡིན། ངའི་དྲན་པའི་ཁྲོད་དུ། ང་རང་ནོར་རྫི་དང་ལུག་རྫིར་འགྲོ་ཐེངས་ཧ་ཅང་ཉུང་བ་དང་། ནོར་རྫི་དང་ལུག་རྫི་གཉིས་ཐུབ་མཁན་ཞིག་ཀྱང་མིན། ལྷག་པར་དུ་དབྱར་གྱི་ཆར་ནང་དང་སྨུག་ནང་དུ་ནོར་ལུག་བོར་བའི་གནས་ཚུལ་རྒྱུན་པར་འབྱུང་གིན་ཡོད། བདུན་པའི་སྨུ་གུ་ཞག་བདུན་ཞེས་པ་སྟེ། ཧོར་ཟླ་བདུན་པ་ཚེས་དུས་ནམ་ཟླ་ཅུང་འཁྱག་ཅིང་སྨུག་པ་འཐིབས་ཏེ་ཆར་ཟིལ་འབབ་པ་སོགས་ཉིན་མཚན་མང་པོར་གནམ་ངོ་རུབ་པ་ཞིག་ཡིན། ཉིན་དེ་དག་གི་རིང་ལ་ཟོག་རྫི་རུ་འགྲོ་མཁན་མང་ཤོས་ནི་བསམ་ཤེས་དར་མའི་རིགས་ཡིན་ནའང་། ངེད་ཚང་ལྟ་བུ་ཁྱིམ་ཚང་རེ་འགའ་ནི་སྔར་བཞིན་བྱིས་པ་དག་ནོར་རྫི་དང་ལུག་རྫི་རུ་མི་གཏོང་ཐུ་མེད་དུ་ཡོད། བདུན་པའི་སྨུག་ནག་དེའི་ནང་ནོར་ལུག་ལྟ་ཅི་ལག་པ་མིག་མདུན་བསྲིངས་ནའང་མཛུབ་མོ་ལྔ་བོ་བརྩི་མི་ཐུབ་པར་ཡོད་ཅེ་ན་རྫུན་དུ་མི་འགྲོ་བའི་ཚོད་དུ་ཡོད། དེ་འདྲའི་སྨུག་པའི་ནང་དུ་ཟོག་བོར་བ་དང་མི་མགོ་འཁོར་བ་ནི་རྒྱུན་ལྡན་ཞིག་ཡིན་པས། ངའི་དྲན་པའི་ནང་བདུན་པའི་སྨུ་གུ་ཞག་བདུན་ལ་ནོར་བོར་བ་དང་ནོར་བཙལ་བ། ཡུལ་བོར་བ་དང་ཡུལ་བཙལ་བའི་དོན་དག་མང་པོ་ཞིག་ཡོད་མོད། ཏག་ཏག་སྐབས་དེར། རི་ཆེས་མཐོ་སར་འགོས་ནས་བལྟས་ན་སྨུག་པ་ནི་རྫ་རྐེད་དུ་ཡོད་པས་རྫ་རི་མཐོན་པོས་སྨུག་པ་དཀར་པོའི་སྐེ་རགས་བཅིངས་པ་དང་འདྲ་ལ། ཡང་ཐང་ཆེས་བདེ་སར་བབས་ནས་བལྟས་ན་སྨུག་པ་སླར་བཞིན་རྫ་རྐེད་དུ་ཡོད་མོད་རྫ་རི་མཐོན་པོས་སྨུག་པ་དཀར་པོའི་ཕྱང་ཞྭ་མནབས་པ་དང་ཡང་འདྲ། ང་ནི་དེ་ལྟ་བུའི་སྨུག་པ་མགོ་ཐོག་ཏུ་སྦྲ་བཞིན་ཕུབ་པ་དང་སྨུག་པ་རྐང་འོག་ཏུ་གདན་བཞིན་བཏིངས་པ་ལྟ་བུའི་ཚོར་བ་དེ་ལ་དགའ། ཚོར་བ་དེ་ནི་བཙལ་ན་རང་བཞིན་གྱིས་རྙེད་པ་ཞིག་དང་བོས་ན་རང་བཞིན་གྱིས་འོང་བ་ཞིག་ཀྱང་ག་ལ་ཡིན། ལྷག་པར་དུ། སྨུག་ནག་ནང་ལུག་ཁྱུའི་འབའ་སྒྲ་དང་ནོར་ཁྱུའི་ངུར་སྒྲ། སྒོ་ཁྱིའི་ཟུག་སྐད་བཅས་ནི་དེ་ལྟར་གསལ་ལྷང་ངེར་ཡོད་ནའང་། ཁ་ཕྱོགས་དེ་སྙེག་ནས་སོང་ན་ཐོན་པ་ཞིག་དང་སླེབས་ས་ཞིག་ན་མེད་པ་ལྟ་བུའི་ཚོར་བ་དེ་ནི་སྒྱུ་མ་རྨི་ལམ་ལྟ་བུ་བློས་དཔག་དཀའ་བར་ཡོད། དེ་ནི་འབྲོག་པ་ཞིག་བྱེད་པའི་བདེ་སྐྱིད་དུ་རྩིས་ཆོག་ཆོག་ཡིན་པ་འདྲ་ལ་མིན་ཀྱང་སྲིད།

ངའི་དྲན་པའི་གསེང་གི་འབྲོག་པ་ནི་དེ་ལྟར་དབྱར་གྱི་ཆར་ནང་དང་དགུན་གྱི་ཁངས་ནང་། སྟོན་གྱི་རླུང་ནང་གང་ཡིན་རུང་དཀར་ནག་ཕྱུགས་ཀྱི་རུ་མ་ཐང་ལ་བརྡལ་ཏེ། མགོ་སྦྲ་མཐིང་སྨུག་གྲུ་བཞིའི་སྒོ་བཞི་བརྒྱངས་ཤིང་ཤ་མར་འོ་ཞོའི་དྲི་ངད་ཁྱིམ་དུ་འཁྱིལ་བ་ཞིག་ཡིན། རྩྭ་ཐང་ནི་ཐར་བཅད་པའི་གོས་ཆེན་ལྗང་ཁུ་ཞིག་དང་འདྲ་བར་མུ་ནས་མུ་རུ་མཐའ་མེད་པར་དཔྱངས་ཡོད་ལ། ཆུ་ཕྲན་ནི་དཀྱུས་བཤིགས་པའི་སྐེ་རགས་སྔོན་པོ་ཞིག་དང་འདྲ་བར་སྨད་ནས་སྨད་དུ་རྒྱུན་མ་ཆད་པར་འཐེན་ཡོད། རྩྭ་ཐང་དང་ཆུ་འགྲམ་གྱི་རྟ་ནོར་ལུག་གསུམ་ཡང་ཁྱུ་འཐོར་བའི་སྐར་མའི་ཚོགས་དང་འདྲ་བར་དཀར་ནག་གི་ཕྲ་ཚོམ་ཡིད་འོང་གིས་བརྒྱན་ཡོད། ང་ནི་དེ་འདྲའི་འབྲོག་ས་འབྲོག་ཡུལ་དུ་འཚོ་བ་རོལ་བའི་དུས་ཡུན་ཧ་ཅང་ཐུང་ནའང་། ངའི་དྲན་པའི་གསེང་གི་བརྗེད་བྱང་དུ་དཔར་བའི་རི་མོ་ནི་མི་ཚེ་གཅིག་གི་ཡུན་ལ་མྱངས་ནས་ཚར་བ་མི་འདུག་པ་ཞིག་ཡོད། མེས་པོ་དབུ་སྐྲ་སེ་བོ་དང་སྨྲ་ར་དཀར་པོ་ཅན་དག་གིས་ཕ་མེས་ཡང་མེས་ཀྱི་དཔའ་གཏམ་གུང་དུ་བསྒྲིགས་ནས་བཤད་ཐེངས་རེ་རེའམ། མེས་མོ་ཐོད་པའི་ཟ་ཡིག་དགུ་མདུད་ཅན་རྣམས་ཀྱིས་ཡིག་དྲུག་དབྱངས་སུ་གྱེར་ནས་ལས་རྒྱུ་འབྲས་ཀྱི་དགེ་སྡུག་གླེང་ཐེངས་རེ་རེར། དེ་དག་གིས་མཐོན་པོ་སྒང་ནས་ཕྱུགས་འཚོས་ཤིང་བདེ་མོ་ཐང་ནས་སྦྲ་ཕུབ་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ། འདོ་རིག་རྟ་ཕོའི་བང་ཁ་རླུང་ལ་འགྲན་ཞིང་གཡང་དཀར་ལུག་གི་བལ་ཁ་སྤྲིན་ལ་འདྲེས་པ། ནག་མོ་ནོར་གྱི་ར་ཁ་དགུང་ལ་བཤར་མྱོངས་པ་དྲན་ཡོང་། ངའི་དྲན་པའི་ཁྲོད་ཀྱི་འབྲོག་པ་ནི་ལོ་ན་གཞོན་དུས་དཔུང་བ་སྦོམ་པོས་ལག་ངར་དགུང་ལ་གཡུག་ཅིང་སྐད་ངག་འགྲགས་པོས་ཀི་བསོ་བྲག་ཅར་བསྐྱིལ་བ་ལྟ་བུ་ཞིག་ཡིན། འུར་ལྕག་གཡུག་ཐེངས་གཅིག་གིས་སྟོང་ལུག་ལྷས་སུ་བསྐྱིལ་ཐུབ་ཅིང་། དིང་གླིང་འབུད་ཐེངས་རེ་རེ་ནི་སྨན་ཆུང་བུ་མོའི་དམར་ཆུང་སེམས་པ་བརྐུ་ཐེངས་རེ་རེ་ཡིན་པ་དྲན་ཡོང་། ངས་ཉི་མ་དང་ཟླ་བ་དང་སྐར་མའི་འོག་གི་འབྲོག་པའི་དུས་སྐབས་གང་རུང་འདི་འཚོ་བའི་རི་མོར་ཚོན་མདངས་བསྒོ་དཀའ་མོད། ངའི་དྲན་པའི་གསེང་གི་འབྲོག་པ་དེ་དག་ཁ་སང་དེ་རིང་གི་འཚོ་བའི་ཁྲོད་ནས་འབོར་གྱིན་པ་ཞེ་དག་པ་ནས་བཟོད་དཀའོ། །

ངས་ན་གཞུང་དུ་བེའུ་འཚོ་བའི་ན་ཚོད་དང་ཆུ་འགྲམ་དུ་རྩེད་འཇོར་རོལ་བའི་དུས་ཚོད་དེ་དྲན་བྱུང་། རྨ་མེད་དུག་མེད་ཀྱི་བསམ་མེད་དང་འདང་རྒྱག་མེད་པའི་ལོ་ཟླ་དེ་དག་དྲན་བྱུང་། ངས་ན་གཞུང་གི་མེ་ཏོག་འཐུས་ནས་ཁྱིམ་མཚེས་བུ་མོར་མགོ་རྒྱན་ཞིག་བསླེས་མྱོང་པ་དྲན་བྱུང་། ངེད་གཉིས་ཀྱིས་ཐབ་རྡོ་བསྒྲིགས་ནས་ཁྱིམ་ཚང་ཆུང་ཆུང་ཞིག་བཅོས། འབའ་རྡེའུ་འཐུས་ནས་སྒོ་ཕྱུགས་ཉུང་ཉུང་ཞིག་འཚོས། མོས་མོ་ཁྱིམ་དུ་ཁ་དལ་མེད་སྒྲོལ་མ་དབྱངས་སུ་གྱེར་ཞིང་དྲོད་ཀྱི་མེ་ཁ་གསོས་ནས་ཞིམ་པའི་ཇ་སྐོལ། ངས་ཕོ་ཁྱིམ་དུ་ལག་ཁོམ་མེད་ལུ་གུའི་ཚ་རུ་མཉེད་ཞོར་ངག་བསྡད་མེད་མཁས་པའི་གཏམ་བཤད། ངེད་གཉིས་ཀྱིས་དེ་ལྟར་སྐྱིད་ཀྱི་ནམ་མཁའ་མགོ་ཐོག་ཏུ་གྱོན་ནས་དགའ་བའི་གླུ་བླངས། ངེད་གཉིས་ཀྱིས་དེ་ལྟར་སྡུག་གི་ས་གཞི་རྡོག་འོག་ཏུ་མནན་ནས་སྤྲོ་བའི་གར་འཆམ། དུས་ཚོད་ནི་ལྕགས་སྒྲོག་གིས་མ་ཐུབ་པའི་འཁོར་ལོ་ཞིག་དང་འདྲ་བར་མི་ལོ་སུམ་ཅུ་ཙམ་མིག་རྡེབ་དབང་གིས་ཡལ་སོང་། ལོ་ཟླ་ནི་རྟོད་ཐག་གིས་མ་འཆུམ་པའི་རྟ་ཕོ་ཞིག་དང་འདྲ་བར་མི་ལོ་སུམ་ཅུ་ལྷག་མཛུབ་བར་ནས་ཟད་སོང་། དེ་རིང་གི་འབྲོག་པའི་རྩྭ་ཐང་དུ་དེ་དུས་ཀྱི་ན་གཞུང་དེ་སྔར་བཞིན་རྩྭ་ལྗང་དང་མེ་ཏོག་གིས་མཛེས་སམ། དེ་རིང་གི་འབྲོག་པའི་རྩྭ་ཐང་དུ་ཆུ་ཕྲན་དེ་སྔར་བཞིན་དྭངས་གཙང་དང་ལྷུང་ལྷུང་གིས་འབབ་བམ། དེ་རིང་གི་འབྲོག་པའི་རྩྭ་ཐང་དུ་ངའི་དེ་དུས་ཀྱི་རྩེད་རོགས་བུ་མོ་དེ་ནར་སོན་ཞིང་དཀར་ཞིང་སྨུག་པའི་ངོ་གདོང་དུ་སྐགས་ཚོས་བྱུགས་ཡོད་དམ། གསལ་ཞིང་དག་པའི་སྨྲ་ལྕེ་རུ་གཞན་སྐད་འདྲེས་ཡོད་དམ། དྭངས་ཤིང་འཚེར་བའི་མིག་ཟུང་དུ་སྡུག་ཡུས་གོས་ཡོད་དམ། མོས་ད་ལྟ་ད་དུང་ཡང་བེའུ་རྡང་ལ་བཏགས་ནས་འབྲི་མོའི་བཞོ་གླུ་ལྷང་ལྷང་གྱེར་སྲིད་དམ། མོས་ད་ལྟ་ད་དུང་ཡང་འོ་ཟོ་ཉིན་ཁར་སྟེམས་ནས་སྒྲོལ་མ་དབྱངས་སུ་གྱེར་སྲིད་དམ། ངེད་གཉིས་ཀྱི་རང་དབང་གི་རྩེད་ར་ཡང་སྦྲ་ནག་དུད་པ་ཅན་དང་ལྷན་ཅིག་ལྷས་འདབས་ནས་རླུང་གིས་ཁུར་ཟིན་ནམ། ངེད་གཉིས་ཀྱི་ལྷད་མེད་པའི་ཁ་ཆད་ཀྱང་ཁྱུ་འཐོར་བའི་ལུག་ཁྱུ་བཞིན་སྟོང་བར་ལུས་སོང་ངམ། ངས་རང་གི་རྩོམ་ཡིག་ལས་མ་གཏོགས་ཕྱིར་དྲན་དུ་དཀའ་བའི་དེ་དུས་ཀྱི་ལོ་ཟླའི་རྗེས་ཤུལ་དེ་དག་རྙེད་ཐུབ་པར་མི་འདུག

ངས་ཁ་བྱང་ལ«སྐྱས་ལམ་རིང་མོ»ཞེས་པའི་རྩོམ་ཡིག་རིང་མོ་ཞིག་བྲིས་མྱོང་། རྩོམ་ཡིག་དེའི་ནང་དུ་ངས་རེ་ཞིང་སྙེག་པའི་འབྲོག་པའི་འཚོ་བ་བྲིས་ཡོད། ངས་འདོད་པའི་འཚོ་བའི་བདེ་སྐྱིད་བཤད་ཡོད། ངས་ལ་གཞས་ནི་རྫ་སྒང་བླངས་མོད་བརྩེ་དུང་ནི་ནོར་རྡང་ནས་རྙེད་ཡོང་ཞེས་བྲིས་མྱོང་བ་ནང་བཞིན། ང་ནི་འབྲོག་པའི་གསར་བུ་དག་གིས་ཁོད་ཡངས་པའི་རྩྭ་ཐང་ནས་ནོར་ལུག་འཚོ་ཞོར་རྟ་རྒྱུག གླུ་བླངས། རང་གིས་བློར་འབབ་པའི་ན་ཆུང་མ་དེའི་མགོ་དཀྲིས་བླངས་ཤིང་ཆད་ལ་བུད་པའི་རང་དབང་གི་འཚོ་བ་དེ་ལ་དགའ། སྨག་ཧ་ཅང་གནག་ནའང་ལག་སྒྲོན་ཉི་མ་རང་ཤར་ལྟ་བུས་ལམ་སྣེ་དྲངས། མགོ་སྐོར་རྒྱུན་ལུང་མ་ཡིས་ཁྱི་ཁ་རྩེད། སྦྲ་འདབས་བཀྱག་ནས་སྙིང་སྡུག་འཚོལ་བའི་བདེ་སྐྱིད་ཀྱི་འཚོ་བ་དེ་ལ་དགའ། སྒོ་ཁྱི་རྒོད་པོ་དང་ཁྱིམ་བདག་བཙན་པོ་རེ་འགས་ཁ་ཁ་སོ་སོར་བདས་པའི་ལང་ཚོའི་གཞུང་གི་བུ་དང་བུ་མོ་དེ་དག་གི་དྲན་གདུང་ནི་བདུན་པའི་སྨུ་གུ་ཞག་བདུན་བཞིན་དྭངས་མཐའ་མེད་ནའང་། རྩྭ་ཐང་གི་བརྩེ་བ་ནི་དེ་ལྟར་མཛེས་སྡུག་གིས་ཡིད་འོང་གིས་དམར་ཆུང་སེམས་ཀྱི་ཟབ་སར་སིམ་ནས་ཡོད་པའི་དུས་སྐབས་དེ་ལ་དགའ། ང་རང་ཆུང་དུས་ནས་གྲོང་རྡལ་གྱི་སློབ་གྲྭར་སོང་ནས་འཚོ་བའི་བདེ་སྐྱིད་དེ་ཉམས་སུ་མྱངས་མ་ཐུབ་ནའང་། ངའི་སེམས་སུ་བརྩེ་དུང་ནི་དེ་འདྲའི་རང་དབང་ཞིག་དང་འཚོ་བ་ནི་དེ་འདྲའི་བདེ་སྐྱིད་ཅིག་ཡིན་དགོས་བསམ་བྱུང་། ངས་ཁ་བྱང་ལ«རུ་སྡེ་ཁྲ་མོ»ཞེས་པའི་གླུ་ཚིག་ཐུང་ཐུང་ཞིག་བྲིས་མྱོང་། རི་སྨུག་པ་ཅན་པོའི་འདབས་ནས། །སྦྲ་དུད་པ་ཅན་པོ་རིག་ན། །མིག་ཆགས་ཀ་ཅན་པོས་ལྟོས་དང་། །ལུས་སྨྱུག་མ་ཅན་པོ་ལྷང་ཡིན། །ཆུ་དྭངས་ཤ་ཅན་པོའི་འགྲམ་ནས། །ཟོ་དངུལ་དཀྲིས་ཅན་པོ་རིག་ན། །རྣ་གཡུ་ཐོག་ཅན་པོས་ཉོན་དང་། །གསུང་མགུར་མ་ཅན་པོ་ལྷང་ཡིན། །ཐབ་དྲོད་ཤ་ཅན་པོའི་ཁྱིམ་ནས། །གོས་འཇམ་ཤ་ཅན་པོ་རིག་ན། །འདང་ཞེ་རྩིས་ཅན་པོས་འགྲོགས་དང་། །རོགས་བསམ་པ་ཅན་པོ་ལྷང་ཡིན། །དེ་ནི་ངའི་ཕུགས་བསམ་ཁྲོད་ཀྱི་བརྩེ་དུང་ཡིན། དེ་ནི་ངའི་རྨི་ལམ་ནང་གི་འཚོ་བ་ཡིན། ངས་ཕུགས་བསམ་དེ་བདས་ནས་མི་ལོ་སུམ་ཅུ་འགོར་ཟིན། ངས་རྨི་ལམ་དེ་སྙེག་ནས་མི་ལོ་སུམ་ཅུ་འདས་སོང་། ངས་ད་ལྟ་ད་དུང་ཡང་འབྲོག་པ་ཞིག་བྱེད་པའི་བདེ་སྐྱིད་དེ་རྙེད་མ་སོང་།

འབྲོག་པའི་འཚོ་བའི་ཁྲོད་ན་སྣང་བ་རྩོད་ཅེས་པའི་ཚིག་ཅིག་ཡོད། འབྲོག་པ་ཞིག་ཡིན་ན་འཚོ་བའི་ཆེད་དུ་རྩྭ་ཆུ་མ་བརྩད་ཐུ་མེད་དུ་ཡོད་པ་ནང་བཞིན། འབྲོག་པའི་བུ་དང་བུ་མོ་དག་གིས་བརྩེ་དུང་གི་ཆེད་དུ་སྣང་བའང་མ་བརྩད་ཐུ་མེད་དུ་ཡོད། མོ་ལོ་བཅོ་ལྔའི་གཞུང་གི་སྨན་ཤར་བུ་མོ་དག་གིས་གཙང་མོ་ཆུ་ཡི་འགྲམ་དུ་ཟོ་ཆུང་ལྟེམས་ནས་མགོ་སྒུར་ཏེ་ལ་གཞས་ལྷོད་ཀྱིས་ལེན་དུས་སུ། ཕོ་ལོ་ཉི་ཤུའི་ནང་གི་སྟག་ཤར་གཞོན་པ་དག་ཀྱང་འདོ་རིག་རྟ་ཕོའི་གོམ་ཁ་སྐྱི་བསེར་རླུང་ལ་བསྐུར་ཏེ་བདེ་མོ་ཐང་ནས་སྐྱ་རྩལ་ངོམས་སྲིད། གློག་བརྙན་གྱི་བརྙན་མིག་ལྟ་བུའི་རྒྱབ་ལྗོངས་དེའི་ནང་དུ་ལུག་ཁྱུ་ལུག་ཁྱུར་འདྲེས་ཤིང་ནོར་ཁྱུ་ནོར་ཁྱུར་བསྲེས་པའི་དུས་སྐབས་ཤིག་ཡོད། ལོ་རྒྱུས་ཀྱིས་བརྗེད་དུ་མེད་ཅིང་གནའ་གཏམ་གྱི་སྲོག་ཤིང་ཡིན་པའི་དུས་སྐབས་དེར། རི་གསུམ་རྩེ་དང་ལུང་གསུམ་མདོ་རུ་ཁུ་བྱུག་གི་སྐད་དང་འཇོལ་མོའི་གསུང་དུ་བྱེད་པའི་གླུ་སྐད་ཅིག་སིང་སིང་གྲགས་ཡོང་། གླུ་ཚིག་ཏུ། ཤ་ཕོ་ཆེན་རི་ཆེན་སྒང་ན་ཡོད། །ཤེའུ་ཡུ་མོ་ན་དམར་གཞུང་ན་ཡོད། །ཨ་ཤུ་རེ་ཤ་ཁྱུ་གཅིག་རྒྱུ་ན། །དེ་མིན་ཡང་ཐག་ཙམ་ཉེ་རྒྱུ་ན། །ཤ་རིག་ནས་ཡིན་རུང་འདུག་རྒྱུ་ན། །ཁྱུ་གཅིག་ན་མེད་རུང་བསམ་པ་རེད། །གླུ་ཚིག་ཏུ། རྫ་ཁྲ་ཡག་འབྲོང་ཁྱུ་བཤར་ལམ་རེད། །ལམ་སྐྱ་མོ་སྨུག་ལ་འདྲེས་ཡག་རེད། །སྨུག་ལང་ལོང་ནང་གི་འབྲོང་མོ་ཁྱོད། །ར་ལྡེམ་མེར་སེམས་ཀྱི་འཁྲི་ཤིང་རེད། །སེམས་ཕར་ཤོར་ཕྱིར་ར་མི་འཁོར་རུང་། །མིག་ཕར་བལྟས་ཚུར་ལ་ཨེ་ལོན་ནམ། །གླུ་ཚིག་ཏུ། ཡར་བལྟས་ཀི་ཁྱ་ཡག་རྫ་ནས། །འབྲི་ཐུལ་མའི་ཁ་མ་འབྲོང་རེད། །དཀར་འོ་མའི་ཁ་མ་ཁངས་རེད། །ཁངས་གཞན་ན་བབས་ན་ཁྱོད་ཡིན། །རྩྭ་གཞན་ནས་ཟོས་ན་ང་ཡིན། །གླུ་ཚིག་གིས་ཀྱང་མཚོན་ཐབས་མེད་པའི་སྣང་བའི་རི་མོ་ཚོན་མདོག་གིས་བཞེངས་མཁན་དེ་དག་གིས་ཚིག་མགོ་བརྩེ་བས་གླེང་ཞིང་ཚིག་བར་དུང་བས་མཐུད། ཚིག་རྔ་མནའ་ཡིས་བསྒགས་ཏེ་མི་འགྱུར་དམ་བཅའ་གོར་མོ་རྡོ་ལ་བརྐོས་ཚེ། རོགས་འདང་ཆེན་མཆིན་པའི་ཤ་ཡིན་ཟེར། ཡིན་ནའང་། འཇིག་རྟེན་ནི་མ་གཞི་ནས་མི་རྟག་པ་ནང་བཞིན་འཇིག་རྟེན་གྱི་སྣང་བ་ཡང་རྟག་བརྟན་འགྱུར་མེད་དུ་ཡོད་པ་ཞིག་ག་ལ་ཡིན། ཚེ་སྔོན་གྱི་སྨོན་ལམ་དང་ལས་དབང་གི་བཀོད་སྒྲིག་བཟློག་ཏུ་མེད་པའི་སྲིད་པའི་འཁོར་བ་ནི་དལ་སྡོད་མེད་པར་བར་མེད་དུ་འཁོར་བའི་གསེང་ནས། འཇིག་རྟེན་ཕོ་མོའི་སྣང་བའི་དར་སྐུད་མདུད་པའང་དལ་ལྷོད་ཤོར་པའི་སྐབས་མེད་དུ་མི་སྲིད། སྟག་ཤར་འགྲོ་སའི་ཇག་ལམ་ཡིན་ན་འདྲ་ལ་སྨན་ཤར་ཆས་སའི་གནས་ལམ་ཡིན་ན་འདྲ། བགེགས་དང་བར་ཆད་བྱུར་གྱི་སྣ་འདྲེན་མང་པོ་ཞིག་མ་བོས་རང་བཞིན་གྱིས་ཡོང་སྟེ། བུ་ཡི་བཟང་ངན་དང་རྟ་ཡི་མགྱོགས་བུལ་འགྲན་པའི་དོན་དག་བྱུང་བ་རེད་ལ། སྟག་ཤར་གྱིས་འཇིག་རྟེན་སྣང་བ་རྩོད་པའི་ལས་ཀྱང་དེ་ལྟར་བྱུང་བ་རེད། སྤྱིར་ན་སྲོལ་རྒྱུན་གྱི་རྫོངས་མཐུག་པའི་འབྲོག་པའི་འཚོ་བའི་ནང་དུ། རང་བློ་དྲན་ན་གཞོལ་མེད་དང་རྨེད་མདོ་ཆད་ན་མཐུད་མེད་ཡིན་ཞེས་རང་རྟར་སྒ་བསྟད་དེ་རང་ལམ་རང་གིས་འཚོལ་བའི་རང་དབང་རང་འཐད་ཀྱི་བརྩེ་དུང་ལྷད་མེད་ཅིག་བགེགས་མེད་ལམ་ལྷོངས་འབྱུང་དཀའ་ནའང་། སྟག་ཤ་ར་ཞིག་ཡིན་པའི་ཆ་ནས་སྣང་བ་ཅིས་ཀྱང་རྩོད་དགོས་པ་ཞིག་ཡིན་འདྲ། རྒྱལ་ཕམ་དང་ཐོབ་ཤོར་ཅི་ཞིག་ཡིན་རུང་དགའ་སྡུག་དང་ཆགས་སྡང་མེད་པར་དང་དུ་ལེན་པའི་སྙིང་སྟོབས་དེའི་མིང་ལ་འབྲོག་པ་ཟེར། ང་ནི་དེ་འདྲའི་འབྲོག་པ་ཞིག་བྱེད་པའི་བདེ་སྐྱིད་ལ་ཁ་ཐག་ཧ་ཅང་རིང་།

འབྲོག་པ་ནི་སྐྱིད་སྡུག་དང་རྒྱལ་ཕམ་གང་ལ་འཕྲད་ཀྱང་མོ་རྩིས་ལུང་བསྟན་བྱེད་རྒྱུར་དགའ་བོ་ཡོད། འབྲོག་པའི་རི་མཐོན་པོ་དག་ལ་ལྷ་རེ་རེ་བསྟེན་ཡོད། འབྲོག་པའི་མཚོ་དྭངས་མོ་ཚང་མར་ཀླུ་མོ་རེ་རེ་གནས་ཡོད། འབྲོག་པའི་ཉག་ཁ་རེ་རེའི་སྟེང་ན་རྡེའུ་འབུམ་སྤུངས་ཡོད། འབྲོག་པའི་དེའུ་འབུར་རེ་རེའི་ཀླད་ན་དར་ལྕོག་བསླངས་ཡོད། དེ་དག་གི་མི་ལོ་སྟོང་ཕྲག་དུ་མའི་རིང་ཚེ་སྲོག་གི་བགེགས་བར་ཆད་དང་འཚོ་བའི་གོད་ཆག་རབ་དང་རིམ་པ་ཟློག་ཆེད་ཡིན་ཏེ། འབྲོག་པས་དུས་དང་རྣམ་པ་ཀུན་ཏུ་སྟེང་གི་གནམ་ན་བཙན་དང་བར་གྱི་རི་ན་གཉན་དང་འོག་གི་ཆུ་ན་ཀླུ་ཡོད་པར་ཁས་འཆེས་པ་ཡིན། ངས་ནམ་ཡང་གདོད་མའི་རང་བྱུང་ཆོས་ལུགས་ཀྱི་དད་མོས་ནི་དེ་ལྟར་བྱུང་བ་ཡིན་མིན་བཤད་དཀའ་མོད། འབྲོག་པའི་དད་མོས་ཀྱི་ཁྲོད་དུ་དཀར་མཆོད་དང་དམར་མཆོད་བྱུང་ནས་ལོ་ངོ་མང་པོ་ཕྱིན་སོང་། གཡང་འགུགས་དང་གྲིབ་སེལ་བྱུང་ནས་ལོ་ངོ་མང་པོ་འགོར་སོང་། མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་ཟློག་ཕྱིར་ཟླ་རེའི་ཚེས་གཅིག་དང་ཚེས་བཅོ་ལྔར་རི་བསང་འཕུད་ཅིང་རླུང་རྟ་བསྐྱོད་པ་ཡིན། བཞི་བའི་སྨྱུང་གནས་ལ་བུད་མེད་ཚོས་སྡོམ་པའམ་སྨྱུང་གནས་སྲུང་ནས་དགེ་བ་ཁབ་གསོག་འབུག་གསོག་བྱེད་པ་སྟེ། འབྲོག་པའི་བུད་མེད་དག་གིས་སྡོམ་པའམ་སྨྱུང་གནས་སྲུང་པའི་ཉིན་དེར་ཐོ་རེངས་གཉིད་ལས་སད་པ་ནས་སྨྲ་བ་བཅད་ནས་བཟའ་བཏུང་འབྲུ་ཉག་གཅིག་དང་། ཆུ་ཐིགས་པ་ཙམ་ཡང་མི་སྤྱོད་པར་མ་ཟད། རང་གི་མཆིལ་མ་ཡང་མི་མིད་པར་ཕྱིར་འཕོ་བར་བཤད། ང་རང་གིས་དངོས་སུ་སྡོམ་པ་སྲུང་མ་མྱོང་ནའང་། དེ་ལྟར་ཟས་བཅད་བྱས་པས་ལུས་ཀྱི་སྒྲིབ་པ་འདག་པ་དང་གཏམ་མི་སྨྲ་བར་ངག་བཅད་པས་ངག་གི་སྒྲིབ་པ་འདག་པ། ཆགས་སྡང་གི་ངན་རྟོག་བཀག་སྟེ་དད་པ་དང་ཡིད་བཟླས་བྱས་པས་ཡིད་ཀྱི་སྒྲིབ་པ་འདག་པ། ལུས་ངག་ཡིད་གསུམ་གྱི་སྡོམ་པས་ཡི་དྭགས་དང་དུད་འགྲོ་དང་དམྱལ་བ་རྣམས་སུ་སྐྱེ་བའི་ལས་ཀྱང་སྦྱོང་བ་ཡིན་པ་དགེ་སློང་རྣམ་དག་རྣམས་ཀྱིས་གསུངས་པ་གོ་ཐོས་ཡོད། དྲུག་པའི་བཅོ་ལྔ་ལྟ་བུའི་དུས་ཆེན་ཁྱད་པར་བ་ལ་སྐྱེས་པ་དག་གིས་ཡུལ་ལྷ་གཞི་བདག་གི་ལབ་ཙེ་བསྟད་དེ་དགྲ་ལྷའི་དཔུང་འབོད་བྱེད་པ་ཡིན། ང་རང་ལོ་ན་ཆུང་དུས་སུ་ལབ་ཙེ་བསྟོད་དུ་ཐེངས་མང་དུ་སོང་བ་ཡིན་ལ། དེ་དུས་ལོ་ཧ་ཅང་ཆུང་བའི་དབང་གིས་ཨོང་བ་འཐུ་བ་དང་བསང་མེ་གསོ་བ། རྨུ་ཐག་དཀྲི་རོགས་བྱེད་པ་སོགས་ལས་ལས་ཀ་ཆེན་པོ་མི་ནུས་མོད། བསམ་ཤེས་དག་གིས་ལབ་ཙེ་བསྟོད་པའི་རྣམ་པ་དེ་ད་ལྟ་ད་དུང་ཡང་མིག་ལམ་དུ་ཝ་ལེར་འདུག་སྟེ། དེང་སང་རོང་འབྲོག་གཉིས་ཀས་ལབ་ཙེ་མདའ་ཡིས་བསྟོད་མོད། དེང་མ་ནི་ཤུག་པ་ཡོད་ས་ནས་ཤུག་པ་དང་ཤུག་པ་མེད་ས་ནས་ཉ་ཕྲུག་བཅུ་གསུམ་རེ་བཅད་ནས་ཕོ་ཐུང་ལས་པ་དང་། ཉག་ཁ་རུ་ཡོད་པར་ལབ་ཙེ་མ་བུ་བཅུ་གསུམ་དུ་བྱ། ལབ་ཙེ་མ་བུ་བཅུ་གསུམ་མེད་ས་ནས་ལབ་རྒན་མ་གཙོ་བོར་བྱེད། ཕོ་ཐུང་དེ་བལ་གྱིས་རྒྱུན་པའི་རྨུ་ཐག་ཁེས་གསུམ་ཅན་གྱིས་དཀྲི་བ་ཡིན། ལབ་ཙེ་བསྟད་རྗེས་དགྲ་ལྷ་བཀོད་ཅེས་བོའུ་རྒྱག་ཅིང་ཀི་བསྭོ་སྒྲོག་པར་བྱེད། སྐབས་ཐོག་ཤིག་ལ། ལབ་ཙེ་ལྕགས་མདས་བསྟོད་པའི་དུས་ཤིག་ཀྱང་བྱུང་མྱོང་མོད། ལྕགས་ཀྱིས་ཆར་ནང་དུ་ཐོག་དྲངས་ནས་མེ་སྐྱོན་འབྱུང་སླ་བས་རྗེས་སུ་ཤིང་མདའ་རིང་ཐུང་བཏོད་ནས་བསྒྲིགས་པའི་སྲོལ་དར་བ་ཡིན་པ་འདྲ། མདའ་ཡིས་བསྟོད་དུས་སུ་བླ་མའི་མདའ་ནི་མཐོ་བ་དང་ཚོ་བ་སྤྱིའི་མདའ་ནི་འབྲིང་བ། མི་སྒེར་བའི་མདའ་ནི་དམའ་བ་ལྟ་བུའི་མཐོ་དམན་གྱི་ཁྱད་པར་ཕྱེས་པ་རེད། ངས་ད་ལྟ་ད་དུང་ཡང་དྲན་པ་ཞིག་ནི། ལབ་ཙེ་ཆེས་ཐོག་མར་བསྟོད་པའམ་གསར་དུ་བསྟོད་དུས་སུ། མཁར་ཟངས་ཆེན་པོ་ཞིག་གི་ནང་དུ་མར་ཁུ་བཙག་ཐག་ཆོད་པ་བཞུས་ནས་ངང་མོ་འབུམ་ཐུབ་ཅེས་མིང་དུ་བཏགས་ནས་ལབ་ཙེའི་ཞབས་སུ་འཇོག་པ་དང་དེའི་ནང་དུ་མེ་མདའ་དང་རལ་གྲི་ལྟ་བུའི་མཚོན་ཆའི་རིགས་གཏེར་དུ་འབུལ་ཞིང་། ད་དུང་མཁན་པ་གསེར་ལོས་མཁན་བྱ་ཞེས་པ་ཞིག་ཀྱང་ལས་ནས་ལབ་ཙེའི་དཀྱིལ་དུ་འཇོག་པར་བྱེད། བྱ་ཡི་དབྱིབས་ནི་བྱ་རྒྱལ་ཁྱུང་དུ་བྱེད་པ་དེས་ཀྱང་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་དད་མོས་ཤིག་མཚོན་པ་ཤེས་ཐུབ། མདོར་ན་དགྲ་གནོན་པ་དང་ལྷ་འབོད་ཀླུ་མཆོད་བྱེད་སོགས་འབྲོག་པ་ནི་དེ་ལྟར་རང་བྱུང་ཁོར་ཡུག་གི་ཆགས་འཇིགས་གང་ལའང་ཡུལ་ལྷ་གཞི་བདག་བསྟོད་ཅིང་བཀུར་ལ་སྐྱབས་སུ་རེ་བའི་དད་མོས་སྙིང་ལ་སིམས་ཡོད་པ་ཞིག་ཡིན། འབྲོག་པས་དེ་ལྟར་སེམས་ཀྱི་ཁེན་ས་དང་རྒྱབ་ཀྱི་བསྟེན་ས་རྙེད་པ་ཡིན་པས། འབྲོག་པའི་འཚོ་བ་ནི་ནམ་ཡང་འཆར་ཡན་གྱི་ཀློང་ན་རེ་བ་དང་ཡིད་ཆེས་ཀྱི་རྒྱུན་མཐུད་ཅིང་ལམ་ལྷོངས་ཡོང་གིན་ཡོད། ང་ནི་དེ་འདྲའི་འབྲོག་པ་ཞིག་བྱེད་པར་ད་དུང་རྒྱང་ཐག་རིང་སྲིད།

ངའི་གྲོགས་པོ་མོག་བུ་ཡེ་ཤེས་སྐྱབས་ཀྱིས«འབྲོག་པ»ཞེས་པའི་སྙན་ངག་རིང་མོ་ཞིག་བྲིས་པར། ཀི་རིང་གཅིག་གིས་སྟོང་ལུག་ལྷས་ལ་བསྐྱིལ་ཐུབ་པ་དེ་ལ་འབྲོག་པ་ཟེར། འུར་ལྕགས་གཅིག་གིས་བརྒྱ་ནོར་ཁ་ལོ་དཀྱི་ཐུབ་པ་དེ་ལ་འབྲོག་པ་ཟེར་ཞེས་བྲིས་ཡོད། རྐྱང་རྒོད་རི་ནས་བཏུལ་ནས་བྱང་ལམ་བང་གིས་གཅོད་པ་དེ་ལ་འབྲོག་པ་ཟེར། འབྲོང་རྒོད་རྫ་ནས་བཀུགས་ནས་འབྲི་མར་རི་ལྟར་བརྩིགས་པ་དེ་ལ་འབྲོག་པ་ཟེར་ཞེས་བྲིས་ཡོད། ཁོས་ད་དུང་སྦྲ་རོག་རོག་གི་སྒོ་ན་ཞལ་དམར་སྨུག་ཏུ་ཡོད་པ་དེ་ལ་འབྲོག་པ་ཟེར། ཕྲུག་མཐེབ་བརྒྱའི་ཕུ་རུང་ས་འདྲུད་ཅིང་གོས་ཚ་རུའི་གོང་བ་རླུང་ལ་བསྐྱོད་པ་དེ་ལ་འབྲོག་པ་ཟེར་ཞེས་བྲིས་ཡོད། ངས་ད་ལྟ་ད་དུང་འབྲོག་པ་དེ་དག་རྙེད་ཐུབ་བམ། ང་རང་མཐོ་སྒང་གི་གྲོང་རྡལ་ཆུང་ཆུང་འདི་ནས་ཕ་ཡུལ་དུ་འཐེན་པའི་ལམ་ལ་ཞུགས་ཐེངས་རེ་རེར། ངའི་དྲན་པར་ལྗིང་ཏིག་ཏིག་ཏུ་ཡོད་པ་ནི་ལམ་གྱི་བར་ཐག་མ་ཡིན་པའི་སེམས་ཀྱི་འཆིང་ཐག་ཡིན་འདུག ངའི་དྲན་པའི་ལྗིད་ཏིག་ཏིག་ཏུ་ཡོད་པ་ནི་ནག་ཅིང་སྣུམ་པའི་སྐྲ་ལོ་རིང་བོ་ཚེགས་སུ་བསྟར་ཞིང་དཀར་ཤ་དམར་མདངས་རྒྱས་པའི་ངོ་གདོང་ཁོ་ནར་སྐད་ཆ་བཤད་ཤེས་པའི་མིག་ཟུང་ལ་བརྩེ་བའི་འོད་ཞགས་འཁྱིལ་བ་དང་སེམས་པ་སྟོན་ཐུབ་པའི་མཆུ་སྒྲོས་སུ་དུངས་པའི་སྣུམ་ཞགས་གོས་ཡོད་པའི་འབྲོག་མོ་དེ་དག་ཡིན་འདུག དེ་དག་གིས་རྩྭ་ཐང་དང་མགོ་སྦྲ་དང་འབྲི་མོ་དང་འོ་ཟོ་སོགས་བཞག་སྟེ་གྲོང་ཁྱེར་སྙེགས་རྗེས་སུ། ངས་ཕ་ཡུལ་ཞེས་ཞེ་དུང་དུང་གིས་འབོད་ས་དེར་སླེབས་ཐབས་མེད་པ་ལྟ་བུ་ཞིག་ཆགས་སོང་། ངས«དེ་དུས་ཀྱི་ཟླ་བ»ཞེས་པའི་སྙན་ངག་ཅིག་བྲིས་མྱོང་། སྙན་ངག་ཏུ། ནམ་མཁར་ལྷན་པའི་སྤྲིན་དཀར་གྱི་ལུག་ཁྱུ། ས་གཞིར་དཔར་བའི་མེ་ཏོག་གི་སྐར་ཚོམ། མང་པོ་ཞིག་ད་དུང་ཡང་ངའི་སེམས་ཀྱིས་འཚོས་ཡོད་ཅེས་བྲིས་ཡོད། ངས་མིག་མདུན་གྱི་འབྲོག་པའི་རྩྭ་ཐང་ཉམས་རྗེས་སེམས་ནང་གི་འབྲོག་པའི་འཚོ་བའང་འཚོ་མི་ཐུབ་པ་ཤེས་ཡོད་མོད། འབྲོག་ཞེན་ཆེ་བའི་ངའི་ནང་སེམས་སུ། འབྲོག་པ་ཞིག་བྱེད་པའི་བདེ་སྐྱིད་ནི་ལྷད་མ་གོས་པའི་ཕུགས་བསམ་ཞིག་ནས་སད་མི་བཟོད་པའི་རྨི་ལམ་ཞིག་ཏུ་འགྱུར་དགོས་པ་སྐྱོ་ཨང་།

རྩོམ་ཁུངས། 2024ལོའི«སྦྲང་ཆར»དེབ་དང་པོ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号