འབྱུང་འགྱུར།

རྔ་འོད།

དང་པོ།

སང་ཉིན་ནས་བཟུང་སྤྱི་ལོ2080ཚེས་པ་རེད།

ང་ཡང་ལོ་གྱ་གསུམ་ལ་བུད་ཡོད་ཟེར་ན་ཚང་མ་ཡིད་ཆེས་ཀྱིན་མི་འདུག དེ་ལ་ཡང་ཁག་མི་འདུག་སྟེ། ཁྱིམ་མཚེས་ཚང་གི་རིག་ལམ་མཚོ་ལོ་བརྒྱ་དང་བཅུ་ཡིན་ཡང་ད་རུང་ཚན་རིག་ཞིབ་འཇུག་ཁང་དུ་ལས་ཀ་གཉེར་བཞིན་ཡོད།

ང་རང་སྐྱེས་ནས་ལོ་སོ་ལྔ་ལོན་པའི་ལོ་དེར་འཛམ་གླིང་འཁྲུག་ཆེན་གསུམ་པ་འབྱུང་འགོ་བརྩམས། ངའི་ཡིད་ངོར་དེ་ནི་ཨུ་རུ་སུ་རྒྱལ་ཁབ་ཀྱིས་ཡུག་རན་ལ་བཙན་འཛུལ་བྱས་པ་ལས་བྱུང་བའི་འཁྲུག་ཆེན་ཞིག་རེད། དེའི་རྐྱེན་གྱིས་ངེད་བཟའ་མི་ཚང་མ་གོ་ལ་གཞན་དུ་ཡུལ་གྱར་བྱེད་དགོས་བྱུང་།

གཉིས་པ།

ཉིན་དེར།ངས་སྒོ་ཕྱུགས་རྣམས་སྒང་ནས་གཞུང་ཆུའི་ཁར་དེད་ནས་ཐོན་དུས། ལོ་རྩེ་ཐར་གྱིས་རླངས་འཁོར་ཞིག་བསྐོར་ནས་ངའི་ཕྱོགས་སུ་ཡོང་བཞིན་འདུག“ཨ་རོག བདུད་འདུལ་རྡོ་རྗེ། སང་ཉིན་ཁྱེད་ཚང་གི་ཨ་ཕ་རྫོང་ཐོག་ཏུ་ཚོགས་འདུར་ཡོང་དགོས་པས། ངེས་པར་དུ་ཁོ་ལ་བཤད་རོགས། དུས་ཚོད་བརྒྱད་པའི་ཐོག་ཚོགས་འདུ་འགོ་བརྩམ་རྒྱུ་རེད།”དེ་ལྟར་བཤད་མ་ཐག་བྱ་འཕུར་བ་བཞིན་སྡེ་བ་གོང་མའི་ཕྱོགས་སུ་ཡལ།

ཕྱི་ཉིན། ཟོག་ལྷས་རར་བསྡུས་ཤིང་ང་ཚོས་ཨ་ཕར་བསྒུགས་ནས་བསྡད། ཨ་ཕ་ཚོགས་འདུར་སོང་ནས་ད་དུང་ཕྱིར་མ་སླེབས། ང་ཚོས་རྒྱུན་ལྡན་ལྟར་གོ་འདོན་བྱས། ཨ་མས་མ་ཎི་འཁོར་ལོ་སྐོར་བཞིན་མིག་བཙུམ་ནས“ཨོཾ་མ་ཎི་པདྨེ་ཧཱུྃ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག”ཅེས་ངག་ནས་ཡང་ཡང་བཟློས་ཤིང་། ཨ་ཅེས་ཨ་ཕ་ལ་ཁ་པར་བཏང་རྗེས་ཟ་མ་གྲ་སྒྲིག་བྱས།

བསྒུགས་བསྒུགས་མཐར་ཨ་ཕ་སླེབས་བྱུང་། ཨ་ཕས་རླངས་འཁོར་ནང་གི་ཅ་ལག་རྣམས་ཀྱང་མི་ལེན་པར་བྲེལ་འཚུབ་ཀྱིས་ཁྱིམ་དུ་འཛུལ། ངས་ད་བར་དུ་ཨ་ཕ་ལ་དོ་ནུབ་ལྟ་བུའི་བྲེལ་འཚུབ་སྐྱེས་པ་ཞིག་མཐོང་མ་མྱོང་། དུས་རྒྱུན་ཁོ་ཕྱིར་ཐོན་དུས་རླངས་འཁོར་ནང་ནས་ཅ་ལག་གཅིག་ཀྱང་མ་ལུས་པར་བླངས་ནས་ཁྱིམ་དུ་ལོག་སྲོལ་ཡོད་མོད། དོ་ནུབ་ཁོ་ལ་ཅི་ཞིག་བྱུང་སོང་སྙམ་ནས་དངངས་འཚབ་ཅིག་སྐྱེས། ཨ་ཕས་གློ་བུར་དུ“ང་ཚོ་ས་འོག་གི་མི་རེད། ང་ཚོ་ས་འོག་གི་མི་རེད”ཟེར་བས། ཨ་མས་མིག་ཟུང་འགུལ་ཙམ་ཡང་མི་བྱེད་པར་ཨ་ཕའི་གདོང་ལ་ཅེར་ནས“ཅི་ཞིག་བྱུང་སོང”ཟེར། ང་ཚོའི་སེམས་སུ་དོན་དག་སྣ་ཚོགས་ཤིག་འཁོར།

ཨ་ཕས་ཆུ་འཁྱག་ཅ་ནེ་གསུམ་འཐུང་རྗེས་དབུགས་རིང་ཞིག་དང་ལྷན་དུ“ང་ཚོས་འཛམ་གླིང་གི་གསར་འགྱུར་གོ་བཞིན་མི་འདུག ད་ནི་ང་ཚོ་གོ་ལ་འདི་ནས་སྡོད་རྒྱུར་དཀའ་ངལ་འདུག”ཅེས་བཤད། ཨ་མའི་སེམས་ནས་འཛམ་གླིང་གསར་འགྱུར་སོགས་ཀྱི་སྐད་ཆ་ནི་གནམ་གྱི་ཕར་རྒྱབ་ཅིག་སྟེ། མོས་དོན་འདི་ཅི་ཡིན་ཧ་མ་གོ་བར་ཡུད་ཙམ་ལ་ཧད་དེ་འདུག

ཨ་ཕས་གཡས་ལྟ་གཡོན་ལྟ་ཞིག་བྱས་རྗེས། དེ་རིང་གི་ཚོགས་འདུ་ནི་ད་ལྟའི་དམག་འཁྲུག་དང་འབྲེལ་བ་ཡོད་པ་ཞིག་རེད། ཁ་རྩང་ཡུལ་དེའི་རྫོང་ཐོག་ཏུ་མི་མེད་གནམ་གྲུ་འཕུར་ནས་ཁང་བ་རྣམས་ཀྱང་ཐལ་བའི་རྡུལ་དུ་བརླགས་འདུག ཨ་མས་ཨ་ཕའི་གདོང་ལ་མིག་ཅེར་རེར་ལྟ་བཞིན“མི་མེད་གནམ་གྲུ་ཞེ་ན་ཅི་ཞིག་ཡིན་ནམ”ཞེས་ཧ་ལས་པའི་ངང་དྲིས། ཨ་ཕས་ཤིན་ཏུ་གཟབ་ནན་ངང་མི་མེད་གནམ་གྲུ་ནི་ཚན་རྩལ་གྱི་མཚོན་ཆ་གསར་པ་ཞིག་སྟེ། ད་ལྟའི་དམག་འཁྲུག་ནི་གནའ་སྔ་མོ་བཞིན་འུར་ཆ་དང་མདའ་གྲི་མདུང་གསུམ་ལྟ་བུ་ཞིག་ག་ལ་ཡིན། མི་མེད་གནམ་གྲུ་ནི་འཕྲུལ་ཆས་ཀྱིས་རང་འགུལ་ངང་ཁ་ལོ་བསྒྱུར་ཆོག་པའི་གནམ་གྲུ་ཞིག་སྟེ། ད་དུང་མི་མེད་གནམ་གྲུ་གཅིག་པུས་ག་ལ་ཚད་དེ་ཚན་རྩལ་གྱི་མཚོན་ཆ་ནི་སྐར་ཚོགས་བཞིན་བགྲང་གིས་མི་ལངས་པ་ཞིག་ཡོད་པ་བརྗོད་བྱུང་། གློ་བུར་དུ་ང་ཚོར་འཇིགས་སྣང་གིས་ཁེངས་ནས་ཅི་ཡིན་འདི་ཡིན་མེད་པར་དབུགས་ནར་ནར་བྱེད། ཨ་ཕས་གདོང་གི་གཉེར་མ་གཅིག་ཏུ་བསྡུས་ནས་ཁ་བརྡ་བྱེད་བཞིན་པའི་སྐབས་སུ་ཁ་པར་སིང་སིང་གྲག་བྱུང་།

“འོ། ཨ་ཞང་བསམ་རྡོར་གང་ན་ཡོད།”

ཁ་པར་ལས་སྐད་གསལ་ལ་མི་གསལ་བ་ཞིག་གྲག་བྱུང་།

“རེད། རེད། ངས་ཀྱང་དེའི་སྐོར་ནས་བཟའ་མི་ཡོངས་ལ་ཁ་བརྡ་བྱེད་བཞིན་ཡོད།”ཨ་ཕས་སྐད་ཆ་བཤད་ཞོར་སྒོར་སོང་ཤུལ་དུ། ང་ཚོ་ལ་ཁ་བརྡ་ཅི་ཡང་མེད་པར་ཨ་ཕར་བསྒུགས་ནས་བསྡད། སྒོ་ཁྱིའི་ཟུག་སྐད་ཀྱང་མཚན་སྨག་ཁྲོད་དུ་གསལ་ལ་མི་གསལ་བར་གྲག་གིན་འདུག

ཆུ་ཚོད་ཕྱེད་ཙམ་གྱི་རྗེས་སུ་ཨ་ཕ་ཁྱིམ་དུ་ལོག་བྱུང་། རྣ་ཅོག་གཉིས་ནི་དམར་པོར་གྱུར་ཏེ་བྱུ་རུའི་མདོག་དང་མཚུངས་ལ། ངོ་མདངས་ཡོངས་སུ་ཤོར་ནས་མི་གཞན་ཞིག་ཏུ་གྱུར་འདུག “ཨ་ཞང་བསམ་རྡོར་གྱིས་བཤད་ན། གནས་ཚུལ་ཡོད་ཚད་སྔར་ལས་ཇེ་སྡུག་ཏུ་སོང་འདུག་ཟེར། སང་ཉིན་ནས་ང་ཚོའི་རྫོང་དུ་མི་མེད་གནམ་གྲུ་དང་ཚན་རྩལ་གྱི་འགད་རྫས་མང་པོ་གཏོར་རྒྱུ་ཡིན་པས། ང་ཚོའི་རྫོང་ཁག་ནི་རྩམ་སྐྱ་རླུང་གིས་ཁུར་བ་བཞིན་ལྷག་མེད་དུ་འགྱུར་ངེས།”ཨ་ཕས་སྔར་བཞིན་ཨ་མའི་གདོང་ལ་ལྟ་ཞོར“ང་ཚོའི་རྫོང་ཁག་ནི་རྩྭ་སྐྱ་མེ་ལ་ཤོར་བ་བཞིན་སྐར་མ་ཁ་ཤས་ནང་ཚར་འགྲོ་རྒྱུ་རེད། ད་ཐེངས་ཀྱི་དམག་འཁྲུག་ནི་གནའ་དུས་ལྟ་བུ་ཞིག་ག་ལ་ཡིན། ང་ཚོ་ལ་བསམ་དབང་དྲན་དབང་མེད་པར་འཆི་བདག་གིས་འཁྲིད་ངེས། དེ་ནི་ད་ལྟའི་ཚན་རྩལ་རྣམས་སྟོབས་དྲགས་པས་རེད། ”ཨ་མས་ཀྱང་མགོ་བོ་ལྕོག་ལྕོག་བྱེད་ཞོར་དུ“ཨ་ཞང་བསམ་རྡོར་གྱིས་བཤད་པ་ལོས་བདེན། ཁོ་རང་ནི་རྫོང་དཔོན་གཞོན་པ་རེད”ཟེར།

དེ་ལྟར་ང་ཚོས་ནུབ་ཇ་ཡག་པོ་ཞིག་ཀྱང་འཐུང་མ་ཐུབ་པར་མཚན་མོའི་དུས་ཚོད་གསུམ་པ་བརྒལ་ཟིན་ཡང་རང་རང་སར་བསམ་བློ་བཏང་ནས་བསྡད། ཨ་ཕས་སྔར་བཞིན་ཁ་པར་ཞིག་ལ་ཉན་ཞོར་སྒོ་ཕྱི་ལ་བུད་སོང་། ཡང་དུས་ཚོད་གཅིག་ལྷག་འགོར་རྗེས་ད་གཟོད་ཕྱིར་ཁྱིམ་དུ་ལོག སྐབས་དེར་ཨ་ཕའི་གདོང་ལ་སྐྱོ་འཛུམ་ཞིག་ཤར་འདུག “ད་ནི་ང་ཚོས་སེམས་ཐག་མ་ཆོད་ན་མི་མ་རེད། གད་པ་མ་བསྒོམས་ན་རྟ་མ་རེད། ངས་སྒོར་མོ་ཡོད་ཚད་བཀོད་སྒྲིག་བྱས་ཚར། ང་ཚོ་གཟའ་མིག་དམར་སྟེང་དུ་གནས་སྤར་རྒྱུ་བྱེད”ཟེར། ཨ་མས་སྔར་བཞིན་མིག་ཆུ་འབྱིད་ཞོར་དུ“དེ་རུ་སྔར་བཞིན་དམག་འཁྲུག་ཡོང་ངམ”ཟེར་བཞིན་ཡིད་ལ་གཟའ་མིག་དམར་ནི་གྲོང་ཁྱེར་ཞིག་ཏུ་སྒོམ་བཞིན་པ་འདྲ། ཨ་ཕས་མོ་ལ་གཤེ་གཤེ་གཏོང་ཞོར“གཟའ་མིག་དམར་ནི་གོ་ལ་གཞན་ཞིག་སྟེ། དེ་ནི་ཚན་རིག་པ་གྲགས་ཅན་ཨ་རིའི་འབྱོར་ལྡན་པ་མཱ་སི་ཁིས་ཚོད་ལྟ་ཐེངས་མང་བྱས་རྗེས་དེ་རུ་མིའི་རིགས་འཚོ་སྡོད་བྱེད་ཐུབ་ཀྱིན་འདུག མ་ཟད་ཨ་ཞང་བསམ་རྡོར་ཚང་ཡང་དེར་འགྲོ་བར་གྲ་སྒྲིག་བྱེད་མུས་འདུག ཨ་ཞང་གིས་ད་ལྟ་བཤད་རྒྱུར་ང་ཚོ་མཉམ་དུ་གཟའ་མིག་དམར་སྟེང་དུ་གནས་སྤོར་ཟེར། ད་དུང་ཁྱིམ་ཚང་ཕྱུག་པོ་དང་ལས་བྱེད་པ་མང་པོ་འགྲོ་བཞིན་འདུག”ཟེར་བས། ང་ཚོ་ལ་འཇིགས་སྐྲག་གི་མྱོང་སྣང་རབ་ཏུ་ལྕི་ཡང་ཕྱོགས་ཡར་མར་ལ་བསམ་བློ་གཏོང་ཁོམ་ཡང་མེད་པར་གྲོས་མཐུན་བྱུང་། སྐབས་དེའི་བཟའ་མི་ཚོའི་རྣམ་འགྱུར་ད་ལྟ་ཡིད་ལ་ཤར་ན་དངོས་གནས་སྙིང་རྗེ་མོ་ཞིག་རེད། སྐབས་དེའི་ཨ་ཕའི་བསམ་ཕྱོགས་སོགས་དྲན་ཚེ། ང་རང་དངོས་གནས་ཨ་ཕ་ལ་ཡིད་སྨོན་སྐྱེས།

ཕྱི་ཉིན། ང་ཚོས་ཕ་ས་སྨུག་པོ་རྒྱབ་ཏུ་བསྐྱུར། ང་ཚོ་སྨོན་ལམ་དང་སྐྱབས་འཇུག་ཁྲོད་ནས་ཕ་ཡུལ་དང་ཁ་བྲལ། ཞེན་ཆགས་དང་ཕྱིར་མིག་ཁྲོད་ནས་ཕ་ཡུལ་གྱི་དྲོད་ཁོལ་ལ་གྱེས་ཕྱག་ཕུལ། བཟའ་མི་ཚང་མ་གོ་ལ་གཞན་ཞིག་ཏུ་འགྲོ་བ་དེ་སྒོ་ཁྱི་སྒོ་ཟོག་གིས་ཀྱང་ཚོར་ཡོད་པ་འདྲ། ང་ཚོ་ལམ་དུ་ཆས་ཁར་ངས་སྒོ་ཁྱི་སྟག་དམར་དང་དོམ་ནག་གཉིས་ཀྱི་ལྕགས་ཐག་བཀྲོལ། ཕྱུགས་རྣམས་ཀྱང་ལྷས་ར་ལས་ཕུད། བརྩེ་དུང་ནི་དངོས་གནས་སེམས་ལྡན་ཀུན་ཏུ་ཡོད་པ་ཞིག་ཅི་ལ་མིན་ཨང་། ང་ཚོ་འགྲོ་ཁར་སྒོ་ཁྱི་གཉིས་ཨ་ཕའི་གམ་དུ་ཡོང་ནས་རྔ་མ་གཡུག་གཡུག་བྱེད་ཅིང་འགྲོ་ལམ་འགོག ངས་མི་ཚེ་འདིར་ཨ་ཕས་མིག་ཆུ་ཤོར་བ་ཐེངས་དང་པོར་མཐོང་བ་ཡིན། ཨ་མས་རྒྱུན་དུ་རྩམ་པ་སྟེར་སའི་བེའུ་གཡང་དཀར་ཡང་ཨ་མའི་གམ་དུ་ཡོང་ནས་མགོ་བོས་འཕྲུག་འཕྲུག་བྱེད་ཞོར་མིག་ཆུ་ཐོར། ཨ་ཅེའི་དབྱར་རྩྭ་དགུན་འབུ་རྐོ་དུས་ཀྱི་བཞོན་པ་བཀྲ་སྨུག་ཀྱང་ཨ་ཅེའི་རྗེས་སུ་རྒྱུག ང་ཚོ་ཡོང་ཁར་སྒོ་ཁྱིའི་ཟུག་སྐད་དང་ནོར་ནག་གི་ངུར་སྒྲ། རྟ་ཕོའི་འཚེར་སྐད་ཀྱིས་ཉིན་དུ་མར་ཟ་མ་ཟ་བའི་ཡི་གའང་གཏིང་ནས་ཆད་པར་བྱས། ཨ་མར་རླུང་ལངས་རྒྱུ་ཡོད་པས་གཟའ་འཁོར་གཅིག་ལ་དྲག་སྐྱེད་བྱུང་མ་ཐུབ། ངས་རླངས་འཁོར་གྱི་སྒེའུ་ཁུང་ནས་ཕྱིར་མིག་ལྟ་དུས་སྒོ་ཕྱུགས་རྣམས་ཀྱང་ཞོགས་ཡོང་གིན་འདུག དེ་ནི་ཐ་སྙད་ཁ་ཤས་ཀྱིས་མཚོན་ནུས་པའི་གཏམ་རྒྱུད་ཅིག་ག་ལ་ཡིན། ཕ་ས་ཕ་ཡུལ་དང་སྒོ་ཁྱི་སྒོ་ཟོག་ལ་གཏན་དུ་གྱེས་པའི་རྨ་ཁ་དེ་ཤ་དང་རུས་པའི་གཏིང་དུ་ཟུག

གསུམ་པ།

ང་ཚོ་གཟའ་མིག་དམར་སྟེང་དུ་སླེབས་དུས་དངོས་གནས་སྨྲ་བསམ་བརྗོད་འདས་ཀྱི་ཚོར་སྣང་ཞིག་སྐྱེས་ཡོང་། ལྷག་པར་དུ་སྔོན་ཆད་རང་ཉིད་འཚོ་སའི་ཕ་ས་ཕ་ཡུལ་དབང་མེད་ཞེ་ལ་ཐོགས། ཆུང་དུས་རྩྭ་ཐང་ནས་ཟིལ་བའི་ནང་དུ་རྐང་རྗེན་ལ་རྒྱུག་པ་དྲན་བྱུང་། འདིར་སླེབས་ཀྱང་སྐབས་རེར་རྨི་ལམ་ཡིན་སྙམ་ནས་དངོས་ཡོད་ཀྱི་འཚོ་བ་ལའང་ཡིད་མི་ཆེས་པར་གྱུར། གཟའ་མིག་དམར་གྱི

སྟེང་ནས་སྔོན་ཆད་འཚོ་སྡོད་བྱས་མྱོང་བའི་སའི་གོ་ལ་མཐོང་ཐུབ། དེ་ནི་ཧ་ཅང་ཡིད་དུ་འོང་བར་མ་ཟད། དེ་ལ་ཅེར་ན་དྲན་འཛིན་གྱི་རི་ལུང་ཀུན་ཏུ་འདས་དོན་གྱི་ལྷགས་རླུང་བར་མེད་དུ་ལྡང་། དེ་ནི་སའི་གོ་ལའི་སྟེང་ནས་ནམ་མཁའི་ཟླ་བ་མཐོང་བ་བཞིན་ཤིན་ཏུ་སྙིང་ཉེ་བ་ཞིག་རེད། ང་ཚོས་གློ་བུར་དུ་སའི་གོ་ལ་མཐོང་བས་ཅི་བྱ་གཏོལ་མེད་དུ་གྱུར་སོང་། ཨ་མས་ཀྱང་སའི་གོ་ལ་མཐོང་ནས་མིག་ཆུ་དབང་མེད་ཤོར་ཞིང་ངག་ནས་སྐད་ཆ་ལྡབ་ལྡིབ་ཅིག་ཡང་ཡང་ཟློ། ཨ་ཕས་ཤུགས་རིང་ལན་འགར་ཕྱུང་རྗེས་སྐྱེ་བ་རྗེས་མར་སླར་ཡང་སའི་གོ་ལ་རུ་དམག་འཁྲུག་དང་མུ་གེ་མེད་པ་དང་སླར་ཡང་གངས་རིའི་འདབས་ནས་མི་ལུས་ཤིག་ལེན་ཐུབ་པའི་སྨོན་ལམ་རྩེ་གཅིག་ཏུ་འདེབས་བཞིན་འདུག ད་དུང་ལག་གཉིས་ཐོད་པར་བཞག་ནས“བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག ། ……”ཅེས་མིག་གཉིས་བཙུམ་ནས་མང་པོ་ཞིག་འདོན་བཞིན་འདུག ངའི་ནང་སེམས་སྟོང་སིང་ངེར་གྱུར་ཞིང་འདས་དོན་གྱི་གཏམ་རྒྱུད་མང་པོ་ཞིག་མགྲིན་པར་འཚང་ནས་སྐད་ཆ་གང་ཡང་མ་འཁྲོལ།

གཟའ་མིག་དམར་གྱི་གོ་ལ་ནི་སའི་གོ་ལ་ནང་བཞིན་གྱི་གོ་ལ་ཞིག་མ་ཡིན་པར། གངས་རི་དང་རྒྱ་མཚོ། ནགས་ཚལ་དང་མེ་ཏོག རྩྭ་ཐང་སོགས་འཛོམས་པའི་གནས་ཤིག་མ་རེད། གཟའ་མིག་དམར་ནི་རྟ་དང་ནོར། ལུག ཁྱི། སྤྱང་ཀི་དང་རི་བོང་སོགས་འཛོམས་པའི་གོ་ལ་ཞིག་དེ་བས་ཀྱང་མ་རེད། ད་རུང་དུས་ཚིགས་ཀྱི་ཁྱད་པར་ཡང་གསལ་པོ་ཞིག་མི་འདུག ཁོ་ར་ཁོར་ཡུག་མཐའ་དག་ནི་བྱེ་རླུང་འཚུབ་མ་ལྟ་བུའི་རྡུལ་སྨུག་ཅིག་གིས་གཡོགས་ནས་སྐབས་རེར་འགྲོ་ལམ་ཡང་གསལ་པོར་མི་མཐོང་། འོ་རེད་ཡ། དྲང་མོར་བཤད་ན། གཟའ་མིག་དམར་ནི་ཚན་རིག་པ་རྣམས་ཀྱིས་དབང་དུ་བསྒྱུར་བའི་གོ་ལ་ཞིག་རེད། གོ་ལ་དེའི་ཡོད་ཚད་ནི་འཕྲུལ་ཆས་ཀྱིས་བཀང་ཞིང་། གཟའ་མིག་དམར་ནི་འཕྲུལ་མིའི་འཇིག་རྟེན་ཞིག་རེད་ཟེར་ནའང་མི་ཆོག་རྒྱུ་མི་འདུག

གནས་འདི་ནས། སངས་རྒྱས་ཆོས་ལུགས། ཧིན་དྷུ་ཆོས་ལུགས། མི་རིགས་གང་གི་ཡིན་པ་དང་། རྒྱལ་ཁབ་གང་གི་ཡིན་པ་སོགས་ཀྱི་ས་མཚམས་ཆུ་མཚམས་སོགས་རྩ་བ་ནས་མི་འདུག རང་དབང་ཐམས་ཅད་བདེ་སྐྱིད་ཡིན། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན་ཟེར་བ་བཞིན་ཅི་འདོད་ལོངས་སུ་སྤྱད་ཆོག

བཞི་པ།

ཨ་ཞང་བསམ་རྡོར་གྱིས་སྐད་ཆ་ཅི་ཡང་མི་བཤད་པར་མགོ་བོ་ཐུར་དུ་བསྒུར་ནས་ལག་པའི་སྟེང་དུ་མིག་ཆུ་གཏོར་བཞིན་འདུག ཨ་མས་ཀྱང་ང་རང་སླེབས་དུས་མིག་ཆུ་འབྱིད་བཞིན་ཡོད་པས། ང་རང་གློ་བུར་དོགས་མི་བདེ་བར་བཏང་། ཨ་ཞང་བསམ་རྡོར་གྱིས་ཡུན་གྱིས་མགོ་བོ་ཡར་འགྱོག་དུས་འགྲམ་པའི་གཡས་གཡོན་དུ་མིག་ཆུ་ཡིས་ས་ཁྲའི་རི་མོ་ཀྱ་གེ་ཀྱོག་གེ་མང་པོ་བྲིས་འདུག ཕར་བལྟས་ན་བྱིས་པ་ཞིག་དང་ཁྱད་པར་མི་འདུག

“བདུད་འདུལ་རྡོ་རྗེ།”

ངས་དོན་དག་ཅི་ཞིག་བྱུང་སོང་བར་འདོད་ནས་ཨ་ཞང་གི་གདོང་ལ་ཅེར་ནས་བསྡད། ཁོས་སྔར་བཞིན་སྐད་ཆ་བཤད་ཐུབ་ཀྱིན་མི་འདུག དེ་ལྟར་ཅུང་ཙམ་ལྷིང་འཇགས་སུ་ལུས། ཕྱི་རོལ་ཏུ་འཕྲུལ་ཆས་མང་པོས་ཅ་ལག་རྣམས་ཕར་སྐྱེལ་ཚུར་ལེན་བྱེད་པའི་སྒྲ་རྣམས་གསལ་པོར་ཐོས་ཐུབ། དེ་ནི་གནའ་སྔ་མོའི་སྦྲ་འདབས་ཀྱི་སྒོ་ཁྱིའི་ཟུག་སྐད་དང་གཉིས་སུ་མི་འདུག

“ཨ་རོག བདུད་འདུལ་རྡོ་རྗེ། ཁྱོད་ཀྱིས་འཕྲུལ་མིWངོ་ཨེ་ཤེས”ཟེར།

“ཨ་ཞང་། འཕྲུལ་མིWངོ་ལོས་ཤེས། ངེད་གཉིས་ད་བར་ལས་ཁུངས་གཅིག་ན་ཡོད། དོན་དག་ཅི་བྱུང་སོང་།”

“ཁྱོད་ཀྱི་སྲིང་མོ་དབང་ཕྱུག་སྐྱིད་ཀྱིས་འཕྲུལ་མིWདང་གཉེན་བསྒྲིག་རྒྱུ་ཡིན་ཟེར། ངས་དུས་ཡུན་རིང་པོར་སློབ་གསོ་ཡང་ཡང་བཏང་ནའང་སྤྱང་ཀིའི་རྣ་ལ་ཆོས་བཤད་རེད།”

“སྐྱོན་ཡོད་པ་མ་རེད། ད་བར་ཚང་མས་འཕྲུལ་མི་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། ཨ་ཞང་ཁྱོད་ཀྱིས་ལྟོས་དང་། རིན་བྷེ་ལག་ལོ་ཚང་གི་སྐྱབས་ཁོས་ཀྱང་འཕྲུལ་མིBམནའ་མར་བསུས་འདུག ཟླ་སྔོན་མར་བྱིས་པ་ཞིག་ཀྱང་སྐྱེས་ཡོད་པ་ཁྱོད་ཀྱིས་ཀྱང་གོ་ཡོད་རྒྱུ་རེད།”

“དེ་ཡང་རེད་མོད། ད་ལྟ་གཟའ་མིག་དམར་སྟེང་དུ་བོད་རིགས་ཅི་ཙམ་མང་པོ་ཐོན་འདུག་ཨང་། དེ་དག་ལས་གཅིག་ཡིན་ན་མི་ཆོག་པ་ཅི་ལ་ཡོད། མ་ཟད། ང་ཚོའི་ཕ་མེས་ཡང་མེས་ཚང་མ་བོད་རིགས་རྐྱང་རྐྱང་ཡིན།……”

“ཨ་ཞང་། རིགས་ཀྱི་དབྱེ་བ་ནི་སྔོན་གྱི་དོན་དག་ཅིག་རེད། སྔོན་ཆད་ཀྱང་རིགས་དང་རྒྱལ་ཁབ་བརྩད་པས་ང་ཚོ་གོ་ལ་འདིར་ཡོང་བ་མ་ཡིན་ནམ།”

“ད་ཁྱོད་ཀྱིས་མཁས་བཤད་མ་རྒྱག འཕྲུལ་མི་ནི་མི་ག་ལ་ཡིན། སྨྲ་ཤེས་ཤིང་དོན་གོ་རུང་། ཁོ་མི་མ་རེད། ང་རང་མ་ཤི་བར་དུ་འཕྲུལ་མི་ཞིག་ལ་གཉེན་བསྒྲིག་ཏུ་མི་འཇུག་ཁོ་ཐག་ཡིན།”

ཨ་ཞང་བསམ་རྡོར་ལ་ཁོང་ཁྲོ་མེ་ལྟར་འབར་ནས་ཁེར་བཤད་ཅིག་བྱེད་ཞོར་དུ་ཟ་མ་ཡང་མ་ཟོས་པར་བུད་སོང་། ཨ་མས་ད་དུང་ཁོའི་རྒྱབ་གཟུགས་ལ་བལྟས་ནས་མིག་ཆུ་གཏོར་བཞིན་འདུག

ལྔ་པ།

ངས་བུ་ཆུང་གཉིས་ལག་མགོར་ཁྲིད་ནས་ཕུགས་བསམ་སློབ་གྲྭར་སྐྱེལ་སྐབས། སློབ་གྲྭའི་མདུན་སྒོ་ལྟག་སྒོ་ཀུན་ཏུ་འཕྲུལ་མི་མང་པོས་གང་འདུག་པ་ནི་གྲོག་ཚང་གི་ཁ་ཕྱེ་བ་དང་གཉིས་སུ་མེད། ཕུགས་བསམ་སློབ་གྲྭ་ནི2044ལོར་གསར་དུ་བཙུགས་པའི་སློབ་གྲྭ་ཞིག་རེད། སློབ་གཙོ་ནི་བསྟན་པ་ཡར་འགྲོ་དང་སློབ་གཙོ་གཞོན་པ་ནི་ཉི་ཧོང་གི་བྷོར་ཌ་གཉིས་རེད། སློབ་གྲྭ་དེ་ནི་གཟའ་མིག་དམར་སྟེང་གི་མཚན་སྙན་འབྲུག་ལྟར་གྲག་པའི་སློབ་གྲྭ་ཞིག་ཀྱང་རེད། སློབ་གྲྭ་དེའི་སློབ་མ་ཡིན་དུས་ངེས་པར་དུ་མི་ཡིན་དགོས་པ་ལས་འཕྲུལ་མི་སྡུད་བཞིན་མེད།

འཕྲུལ་མིMཡིས་སྐད་གདངས་མཐོན་པོས“ངའི་སྐྱེས་པ་ནི་མིའི་རིགས་ཡིན། ཁོ་རང་མི་མ་རེད་དམ། ངེད་གཉིས་ཀྱི་བུ་མོས་ཅིའི་ཕྱིར་མིང་ཐོ་དགོད་མི་ཆོག་པ་རེད།”

མི་ནག་རྒད་པོ་ཞིག་གིས་ཀྱང་སྟོད་ལྭ་ཐུར་དུ་གཤགས་ཞོར“ངའི་ཆུང་མ་འཕྲུལ་མི་ཞིག་ཡིན་ནའང་། ངའི་བུ་ཕྲུག་ནི་མི་ཡིན”ཞེས་ལག་པ་དགུང་ལ་གཡུག་བཞིན་འདུག

འཕྲུལ་མིZཡི་ངོ་གདོང་ཡང་དམར་པོར་གྱུར་ནས“ང་ཚོ་འཕྲུལ་མི་རྣམས་ཀྱིས་ད་བར་དུ་བཟོད་སྒོམ་བྱས་ནས་བསྡད་པ་ཡིན། ད་ནི་འཕྲུལ་མི་ལའང་ཐོབ་ཐང་དང་རྩིས་ཐང་དགོས། ……མ་གཞི་གོ་ལ་འདི་ནི་འཕྲུལ་མིའི་འཇིག་རྟེན་ཡིན”སོགས་ཀྱིས་སྐད་ཆ་ལུང་བ་གང་བཤད།

དེ་ལྟར་སྐད་རིགས་སྣ་ཚོགས་ཀྱིས་འུར་རྒྱག་བཞིན་པའི་ཚུལ་ནི་བྱིའུ་ཚང་ནང་དུ་རྡོ་འཕངས་པ་དང་འདྲ་བར་ཟང་ཟིང་ལང་ལོང་དུ་གྱུར། འཕྲུལ་མི་ནི་རྒྱ་མཚོའི་རྦ་རླབས་བཞིན་ཕྱོགས་ངེས་མེད་དུ་རྒྱུ། ད་ཡང་མི་དང་འཕྲུལ་མིའི་བར་དུའང་རྩོད་གཞི་ཆེན་པོ་ཞིག་འབྱུང་སྲིད་པ་འདྲ་ཨང་།

བཀྲ་རྡོས་འཕྲུལ་མི་རྣམས་ཀྱི་སྐད་ཆ་དང་ལེན་བྱེད་མ་ཐུབ་པས་འཕྲུལ་མིCལ་གྲི་ཡིས་བསྣུན་ནས་ཁོག་གི་སྐུད་པ་སྣ་ཚོགས་ཀྱང་ཕྱིར་དྲུད་ཡོང་མོད། འཕྲུལ་མིCད་རུང་ཤི་མ་ཐུབ་པར་མིག་ཟུང་དུ་ཞེ་སྡང་གི་མེ་ལྕེ་མཆེད། སྒྲོལ་སྒྲོལ་དང་ཀ་ལ་སྐྱིད་སོགས་མི་ཡི་རིགས་རྣམས་ཕྱོགས་གཅིག་ཏུ་འདུས། དེ་ལྟར་འཕྲུལ་མི་རྣམས་ཀྱང་ཕྱོགས་གཅིག་ཏུ་འཛོམས། འཕྲུལ་མི་རྣམས་ཀྱིས་མེ་འོད་འཁྱུག་པའི་མེ་མདའ་ཡིས་མི་རྣམས་གསོན་པོར་མེ་ལ་སྲེག་བཞིན་འདུག་པས། གཟའ་མིག་དམར་སྟེང་ནས་མི་དང་འཕྲུལ་མི་གཉིས་མཉམ་གནས་མ་ཐུབ་པར་སྔོན་ཆད་སའི་གོ་ལའི་སྟེང་བྱུང་བའི་འཁྲུག་ཆེན་ལས་ཀྱང་འཇིགས་སུ་རུང་བ་ཞིག་ཏུ་གྱུར།

དྲུག་པ།

ངས་ཆུ་འཁྱག་ཕོར་བ་འགའ་འཐུང་རྗེས་མི་དང་འཕྲུལ་མི་གཉིས་ཀྱི་སྣུམ་མཚོན་རི་མོ་ཞིག་འབྲི་བསམས་བྱུང་། ཧ་ཅང་གཟབ་ནན་གྱིས་འཕྲུལ་མིའི་འཇིག་རྟེན་མཚོན་པའི་རི་མོ་དམིགས་གསལ་བ་ཞིག་ལེགས་འགྲུབ་བྱུང་སོང་། ཡིན་ཡང་། ངས་དངོས་གནས་མིའི་འཇིག་རྟེན་མཚོན་པའི་རི་མོ་ཞིག་འབྲི་ཐུབ་ཀྱིན་མི་འདུག ཇི་ལྟར་བསམས་ཀྱང་ང་ལ་འཆར་སྒོའི་འོད་སྣང་ཞིག་མ་བྱུང་། དེ་ནི་ཅི་ཞིག་ལན་པ་ཡིན་ནམ། དོན་ངོ་མར་མི་ནི་སེམས་ཅན་ཅི་འདྲ་ཞིག་ཡིན་ནམ། ངས་ཕྱོགས་ཡར་མར་ལ་བསམ་བློ་ཡང་ཡང་བཏང་བས། ཁ་པར་ཐེངས་ཁ་ཤས་སུ་གྲག་ཀྱང་ཁ་ཡ་མ་བྱས། ད་ནི་སླར་ཡང་གྲག་བྱུང་བས་ངས་ཁ་པར་ངོས་སུ་ལྟ་དུས་བསྟན་འཛིན་ལྷག་དཀར་རེད།

“ཝེ། ཝེ།”

“ཨ་ཕ། ཁྱོད་ཀྱིས་གསལ་པོར་གོའམ།”

“ངས་གསལ་པོར་གོ་བཞིན་འདུག”

“ངས་ཁྱོད་ལ་གཏམ་བཟང་ཞིག་བཤད།”

“ཅི……ཅི་ཞིག……རེད”

“ང་ཚོའི་ཚན་རིག་སྡེ་ཁག་གིས་ལོ་དུ་མར་འབད་བརྩོན་བྱས་པའི་གྲུབ་འབྲས་ཡོངས་སུ་སྨིན་སོང་། ངས་ཁ་སྔོན་ཁྱོད་ལ་བཤད་པའི་དོན་དག་དེ་རེད། ང་ཚོས་གོ་ལ་དེར་རྒྱུས་ལོན་ཡོངས་སུ་བྱས་ཚར། དེར་མི་ཡང་འཚོ་སྡོད་བྱས་ཆོག གཟའ་འཁོར་འདིར་ནུ་བོ་བསྟན་འཛིན་སེང་གེ་དང་གྲོགས་པོ་ཁ་ཤས་དེར་སོང་མོད། གོ་ལ་དེ་ནི་ཁྱོད་ཀྱིས་སྔོན་ཆད་བཤད་པའི་སའི་གོ་ལ་དང་ཤིན་ཏུ་འདྲ། དེར་སྲོག་ཆགས་ཀྱང་མང་པོ་འདུག འོ་རེད་ཡ། ཕལ་ཆེར་ཁྱོད་ཀྱིས་བཤད་མྱོང་བའི་རྟ་ནོར་ལུག་གསུམ་ཟེར་བ་དེ་ཡིན་པ་འདྲ། ད་དུང་གནས་དེ་ནས་མི་རྣམས་ཚེ་ལོ་བརྒྱ་ཕྲག་ཏུ་གནས་ཆོག ཧ་ཅང་ཞི་བདེ་རེད། དེ་ནས་རྟག་ཏུ་སྲོག་ཆགས་ཕན་ཚུན་ལ་འགལ་ཟླ་འབྱུང་མི་སྲིད། ཨ་ཕ་ཁྱོད་ཀྱིས་དོན་དག་འདི་ཨ་མ་ལའང་བཤད་རོགས། ནུ་བོ་ངེད་གཉིས་སང་ཉིན་ཁྱིམ་དུ་ལོག་ཐུབ། སྐབས་དེར་ང་ཚོ་མཉམ་དུ་གོ་ལ་དེ་རུ་འགྲོ”ཟེར་བས། ངས་འདི་ནི་རྨི་ལམ་ཨེ་ཡིན་སྙམ།

“གོ་ལ་དེའི་མིང་ལ་ཅི་ཟེར།”

“ཨ་རོག བསྟན་འཛིན་ལྷག་དཀར།”

“ཝེ། བསྟན་འཛིན་སེང་གེ……”

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号