ལྕགས་རའི་རྡང་ན་སྐྱོམ་པའི་རྣམ་ཤེས།

རྔོག་བུ་བདུད་མགོན་ཚེ་རིང་།

ཚན་རིག་གི་དྲ་རླབས་ཉི་འོད་དང་མཉམ་དུ་ས་གཞིར་ཁྱབ་ཅིང་གོ་ལ་ཧྲིལ་བོ་འཆིང་ཐག་གཅིག་གིས་བསྡམ་པའི་ཁྱིམ་མི་ཚོ། ཤུགས་ཀྱིས་བགྲོད་ཅིང་ཤུགས་ཀྱིས་གནོན་བཞིན་པའི་དེ་རིང་། ང་ཚོ་དེ་ལས་ལྡོག་སྟེ་རྒྱང་རིང་གི་རྒྱང་རིང་ཞིག་དམིགས་སུ་བཙུགས་ནས། འཇམ་ཐིང་ཐིང་། ལྷིང་འཇགས་སེ། སྔར་ལྟར་ལྐོག་གྱུར་གྱི་སྒྲུང་དཔེ་དེ་དག་སྔས་སུ་བཞག་ཅིང་མིག་བཙུམ་ནས་འཁྲབ་གཞུང་ནང་གི་མི་སྣ་རེ་རེ་བཞིན་སྤར་མོས་འཛུགས་བཞེངས་བྱེད་ཀྱིན། ཁ་དང་སོར་མོས་རྩིས་བླངས་ཏེ་གཞི་གྲངས་ཅན་ལ་གསོག

ཤེས་ཡོན་པ་ཚོས་ལ་དོན་གྱི་ཕྲད་རྩོད་ཀྱིན་གདའ། བྱིས་པ་ཤེས་མེད་ཚོས་ཕྱག་མདུད་ཀྱི་རིང་ཐུང་རྩོད་ཀྱིན་གདའ། རྒན་མོ་མིག་མེད་ཚོས་དྲིལ་བུ་གསིལ་གྱིན་གདའ། ཕལ་ཆེ་བ་ངལ་གསོས་ནས་གདའ། དལ་ཅག་གེར་གདའ།

མདུན་གྱི་བར་སྣང་སྔར་ལྟར་སྐྱ་ཐིང་ཐིང་། སྨུག་ལང་ལོང་། གནམ་ས་གཉིས་ཀྱི་འདྲེས་མཚམས་སུ་ལྕགས་རའི་རྡང་ལ་ཐོགས་པའི་བེར་ནག་གི་ལྭ་ཆད་དེ་དག་རླུང་གིས་བསྒུལ་ཙམ་བསྒུལ་ཙམ་བྱས་ཚེ། ཕྱོགས་སྐྱོང་གི་མཁའ་འགྲོ་དང་དཔའ་རྟུལ་སུམ་ཅུའི་གཟུགས་བརྙན་ཡང་བསྐྱར་མིག་ལམ་ལ་འཁོར། སྐབས་ལན་རེར། ངས་རང་ཉིད་སུ་ཡིན་དང་གང་ཡིན་གྱི་ངོ་མ་འཕྲོད་པར་འགྲོ་བ་རིགས་དྲུག་པོ་ལ་སྐྱབས་འཚོལ་ཞིང་ངུས། ཡང་ཁྱིམ་མཚེས་དང་བར་གྱང་གི་མཐོ་དམའང་བརྩད་མྱོང་། ཚ་བོ་དང་ཚ་མོའི་ཆེད་དུ་དུས་བཅད་ལྟར་དངུལ་ཁང་ལ་སྒོར་མོ་བཅོལ་མྱོང་ཞིང་། དེ་ལས་ལྡོག་སྟེ་ཡོད་ཚད་བློས་བཏང་ནས་གྲོག་སྦྱིན་ཀྱང་ཐེངས་མང་མཛད།

གལ་ཏེ་རྒྱུ་འབྲས་ཡོད་པ་བདེན་ན། སྐྱེ་བ་ཕྱི་མར་ཞིང་ལས་དངུལ་ཁང་གི་བྱང་བུ་དེ་མུ་མཐུད་དུ་བཀོལ་ཆོག་པར་སྨོན།

གལ་ཏེ་འདི་ཕྱི་ཡོད་པ་བདེན་ན། རྫོང་དཔོན་དེ་དག་དགེ་རྒན་གྱི་ལས་གནས་ནས་ཚེ་རིང་བར་སྨོན།

གལ་ཏེ་ངའང་ཡོད་ཆོག་ན། གནས་ལུགས་རྐྱང་རྐྱང་གི་སྒོ་མོ་དེའི་ཐེམ་སྐས་ནས་འཆི་ཐུབ་པར་སྨོན།

འཇམ་ཐེང་ངེར་གྲག་འགུལ་ཅི་ཡང་མེད་པའི་རྩྭ་ཐང་གི་འཇིག་རྟེན་འདི་ཟིང་ཟིང་གི་གྲོང་ཁྱེར་ཆེན་པོ་དག་དང་བསྡུར་ན་ཧ་ཅང་དབེན་འཇགས་ཡིན་པས། སྙིང་གི་འཕར་ཚད་མགྱོགས་ཤིང་ཁྲག་གི་རྒྱུ་ཤུགས་མཐོ་བའི་ནད་པ་དེ་དག་ལ་མཚོན་ན་སྨན་ཁང་ལྟ་བུའི་ནུས་པ་ཡོད་སྲིད་མོད། ཡིན་ན་ཡང་ཧ་ཅང་དབེན་འཇགས་ཡིན་དྲགས་པས། ང་ལ་ཤ་གསེང་རུས་གསེང་ནས་བྲེལ་འཚུབ་ཅིག་རང་བཞིན་གྱིས་བསླངས་ཡོང་། འཇམ་ཐིང་ཐིང་གི་རྩྭ་ཐང་འདིའི་སྨག་རུམ་ལ་འཇིགས་སྐྲག་སྐྱེས། ལྷག་པར་དུ་ལྕགས་ར་དང་ལྕགས་སྡོང་གི་རྩེ་ན་སྐྱོམ་བཞིན་པའི་བེར་ནག་གི་ལྭ་ཆད་དེ་དག་དང་དེའི་རྒྱབ་ཀྱི་རྣམ་ཤེས་ཚོ་ལ་འཇིགས་ཅིང་འཚབ།

ཁོ་ཚོས་རླངས་འཁོར་སྣ་ཚོགས་ངར་གྱིས་བསྒྱུར་ནས་རྩྭ་ཐང་གི་གསང་བ་འཚོལ་ཞིང་རྩྭ་ཐང་གི་མཛེས་སྡུག་པར་དུ་བརྒྱབ་སྟེ་སླར་ཡང་གྲོང་ཁྱེར་ལ་ལོག་ཤུལ་དུ། ང་དང་ཕུ་ནུ་ཚོས་རྩྭ་ཐང་གི་མཛེས་སྡུག་བསྲུང་ཆེད་ཁྱིམ་མཚེས་ཕན་ཚུན་བར་ལ་ལྕགས་རྡང་གིས་བར་བཅད་དེ་ནོར་ལུག་གི་རང་དབང་ལ་གན་རྒྱའི་ཡི་གེ་བྲིས། མ་མོའི་ནུ་མགོ་ནས་ལུ་གུ་འཕྲོག་ཡོང་སྟེ་ཁོ་ཚོ་དང་མཉམ་དུ་འདྲ་པར་ཞིག་བརྒྱག་ཨེ་ཐུབ་ལ་རེ་ནས་ཕྱི་ལོའི་དབྱར་ཁ་ལ་སྒུག

རྨི་ལམ་ཡོད་ཚད་མངོན་འགྱུར་བྱེད་ཐུབ་པ་དཀའ། དེ་ནི་རྨི་ལམ་རང་ཡིན་པས་རེད།

སྨོན་འདུན་ཡོད་ཚད་དོན་འགྲུབ་ཡོང་བའང་དཀའ། དེ་ནི་ཡིད་སྨོན་ཙམ་ཡིན་པས་རེད།

ཁ་ནས་བཏོན་ཚད་དེ་བཞིན་འགྲུབ་ཡོང་ཚེ། སྐྱ་ཀ་ལ་ཅི་ཁག ནེ་ཙོས་ཀྱང་ཅི་སྨྲ།

ང་ཚོས་དགུན་གྱི་གདུག་རྩུབ་འདི་དཔེ་རྒྱ་སྟག་ལ་བཀོད་ནས་རྩྭ་ཐང་ཧྲིལ་བོ་ཁྱུར་མིད་ལ་གཏོང་བའི་རྣམ་པ་དེ་འཁྱག་སོབ་སོབ་ངང་ཁོག་ལ་མིད། ལྕགས་རྡང་གི་ལྭ་ཆད་དེ་ཚོའང་ཉིན་སྲིབ་ཀྱི་ཁྱད་པར་ལས་འདྲེ་མོ་མགོ་དཀར་གྱི་ཚོགས་ཤིག་དང་འདྲ་ལ། རླུང་དང་བསེར་བུའི་ཁྲོད་དུ་སྨྱོན་པ་མགོ་འཁོར་ཁྱུ་ཞིག་གྲལ་སྒྲིགས་ནས་ཡོང་བཞིན་པ་དང་ཡང་མཚུངས།

ཡུལ་སྐོར་བ་དེ་ཚོར་མཚོན་ན་རྩྭ་ཐང་ནི་རྒྱང་རིང་གི་རྨི་ལམ་ཡིན་ལ། རྨི་ལམ་དེ་རུ་འཇིག་རྟེན་གྱི་གསང་བ་སྣ་ཚོགས་བཅོས་མིན་དུ་འཚོལ་ཆོག་པའི་དག་ཞིང་ཞིག་ཏུ་བསམ་ཡོད། ང་ཚོས་རྒྱང་རིང་དེ་ནས་དེ་ལས་ལྷག་པའི་རྒྱང་རིང་ཞིག་འཚོལ་གྱིན་འཚོལ་གྱིན། རང་ཉིད་འཇིག་རྟེན་འདི་དང་རྒྱང་ཐག་ཤིན་ཏུ་རིང་བ་ཞིག་ལ་སྐྱེལ་ཀྱིན་གདའ།

སྟོན་མཇུག་གི་རྩི་མགོ་སེར་པོ་རླུང་གིས་སྟོར་ཚེ། ཡུལ་སྐོར་བ་ཚོ་སོང་ཚར་ལ་རྩྭ་ཐང་དུ་སྔར་གྱི་འཇམ་ཐིང་ཐིང་གི་རྣམ་པ་དེ་ཤར་ཡོང་། འུར་ཟིང་དང་གྲག་འགུལ་མེད་པའི་རྩྭ་ཐང་སྟེང་དུ་ཡང་བསྐྱར་མགྲོན་པོ་གསར་བ་ཁྱུ་ཞིག་སླེབས་ཡོང་། དེ་ནི་རང་ས་རང་ཡུལ་གྱི་རི་སྐྱེས་སྤྱང་ཀི་སྐོར་ཞིག་རེད། ཁོ་ཚོ་ལྕགས་རྡང་གི་ལྭ་ཆད་ལ་འཇིགས་སྣང་ཏོག་ཙམ་མེད་པར་རྩྭ་ར་ནས་རྩྭ་ར་བརྒལ་ཏེ་ལུག་ཁྱུ་མང་པོ་དམར་གསོད་བྱེད། ལྕགས་རའི་ཕྱི་ནང་ལ་ཁྲག་རྗེས་སྐར་ཚོགས་བཞིན་དུ་སྟོར།

རྩྭ་ཐང་སྐྱ་ཐིང་ངེར། སྨུག་ལང་ལོང་ངང་གནམ་སའི་འདྲེས་མཚམས་ཀྱི་ལྕགས་རྡང་ལ་ཐིམ། ལྕགས་རྡང་སྟེང་གི་བེར་ནག་གི་ལྭ་བ་ཁངས་ལ་ཐིམ། ཁ་བ་ཞུ་རྗེས་ཡུལ་སྐོར་བ་ཚོ་ཡང་བསྐྱར་ཡོང་ངེས་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号