སྙན་ཚིག་ངག་གི་རོལ་མོ།

དབང་ཆེན།

ལྷ་བཤོས་ཚོམ་བུའི་མནྜལ་སྤུངས་འདྲའི་ས་འཛིན་ཕང་པའི་ལྟོ་བ་རུ།།

རིན་ཆེན་གཏེར་གྱིས་ཕྱུར་བུ་གཏམ་པའི་བྲག་རིའི་ཁང་བཟང་བརྩེགས་པའི་རྫོང་།།

དཔག་ཚད་སྟོང་གི་ཚད་ལས་འདས་ཤིང་རྩེ་མོ་དགུང་ལ་བསྙེགས་པ་ཡིས།།

གངས་དཀར་ལྷུན་པོའི་ཤེལ་གྱི་མཆོད་རྟེན་ཉི་ཟླའི་རྒྱན་ཆ་འོད་དུ་འཚེར།།

དགུན་གསུམ་ས་གཞི་གསེར་མདོག་འཕྲོས་པའི་ཕ་མཐའ་གཞལ་དཀའི་ཐང་ཆེན་གྱིས།།

ཕྱོགས་མཚམས་ཀུན་ཏུ་ནགས་ཀླུང་རྒྱ་མཚོའི་གཅིག་དུ་འཁྱིལ་བའི་འགྲམ་ཟུར་དུ།།

དྭངས་བསིལ་བཞུར་ཞིང་ལྷུང་ལྷུང་འབབས་པའི་རྫ་ཆབ་སིལ་མའི་སྙན་འགྱུར་གྱིས།།

དྲི་ཟའི་བུ་མོའི་རྒྱུད་མངས་སྒྲེང་བའི་སྒྲ་དབྱངས་དཔལ་ལ་སྡང་བར་བྱས།།

ཆོས་སྲིད་ལུགས་ཟུང་གསེར་གྱི་འཁོར་ལོ་དྲང་བདེན་རྩིབས་ཀྱི་འདབ་སྟོང་བཀྲ།།

ཆོས་ནོར་ཐར་འདོད་སྡེ་བཞིའི་ནོར་གྱིས་དབུལ་པོའི་ཡི་མུག་གཅོང་ནད་སེལ།།

སྤྱི་ཚོགས་འཆམ་མཐུན་མཉམ་ལས་མཉམ་རྒྱལ་གཅིག་འགྱུར་འཕེལ་རྒྱས་དོན་འཁྱོལ་བར།།

བཅོས་བསྒྱུར་ཟབ་སྤེལ་གསར་གཏོད་ལམ་དུ་དེང་རབས་འཚོ་བའི་དཔལ་ཡོན་སྐྲུན།།

རྒྱལ་ཁྲིམས་གཏན་འབེབས་གཏམ་གྱིས་བརྗིད་པའི་གྲགས་སྙན་ལྷ་ཡི་རྔ་ཆེན་ལྡིར།།

མེས་རྒྱལ་གཅིག་གྱུར་མི་རིགས་མཛའ་མཐུན་རླབས་ཆེན་ཀྲུང་གོ་སྐྱ་དར་གྱིས།།

འཆོང་རྒལ་ལྟ་བུའི་གྲུབ་འབྲས་གཏན་རླིང་དམིགས་འབེན་མངོན་འགྱུར་འབད་ཐབས་སུ།།

འཛམ་གླིང་གོ་ལ་ཧྲིལ་པོའི་ཡང་རྩེར་ཚེགས་མེད་འཇུག་ཅིང་གཤེགས་པར་འགྱུར།།

གསེར་མདོག་ལོ་མ་སྟུག་པོའི་འདབ་མ་སྐྱི་སེར་རླུང་གིས་གཤོག་རྩལ་བཏེགས།།

ས་འཛིན་རྒན་པོའི་གཡུ་ལོ་རལ་ནས་ཁ་བའི་འདབ་མའི་གོས་དཀར་བཀླུབས།།

དལ་འགྲོ་བུ་མོ་ཀྱུར་ཀྱུར་བཞུད་བཞིན་ཤེལ་དཀར་དོག་པའི་ཕྲེང་བ་གཏོར།།

མཐོ་སྒང་ཞིང་འབྲོགས་སྐྱ་སེར་སྐྱེ་བོའི་དགུན་ཟླའི་དམག་གིས་གདོང་ལེན་བྱེད།།

སྨུག་ནག་བཞིན་གྱི་གཉེར་མ་མ་སངས་ངམ་ནག་ཁྲོས་པའི་དྲག་རྩལ་གྱིས།།

སྔོ་བསང་བུ་མོའི་ཞལ་རླངས་ཐུལ་བའི་བར་སྣང་དབྱིངས་ཀྱི་སྤྲིན་རུམ་ནས།།

སྐྱི་སེར་རྡུལ་དང་ལྷན་ཅིག་འཐབས་པའི་བུ་ཡུག་རླུང་གིས་འཁོར་ལོ་བསྐོར།།

ཁ་བའི་འདབ་མས་དལ་གྱིས་ཁེབས་པའི་རི་ཀླུང་དཀར་འཇམ་ཡུག་གཅིག་རྡལ།།

མཐོ་རླབས་འཕྱུར་བའི་རྒྱལ་ཁྲིམས་དམ་ཟབ་ཇུས་བཟང་ལྷ་ཡི་རྔ་བོ་ཆེས།།

ལྐོག་རྔན་འཇབ་བུས་སྤྲོད་ལེན་མཉམ་དཔྱད་དུས་གཅིག་རྒོལ་བའི་དཔའ་ངར་ཅན།།

ངར་ལྕགས་རྡུང་བྱེད་ཐོ་བ་གསར་པས་ཟ་འདོད་ཀླད་ཁྲག་ཞོ་ལྟར་དཀྲུགས།།

ཞི་ཅིང་ཕིང་ཞེས་མཚན་གྱི་ཅོད་པན་སྲིད་པ་གསུམ་ན་ལྷམ་མེར་བརྗིད།།

ཀུན་ཕན་དོ་མཉམ་དོན་གྱི་འགག་སྒྲོལ་གཞན་ཕན་ཁོ་ནའི་ལས་ལ་གཞོལ།།

བྱས་ཚད་རྒྱལ་གཅེས་དམངས་ཕན་ཟུང་འབྲེལ་ཕྱི་ཐག་རིང་པོའི་མཛུབ་སྟོན་གྱིས།།

མིག་རྒྱང་བསྟན་པའི་ལྟ་བའི་རྣམ་རིག་འཕེལ་རྒྱས་གོམ་སྟབས་ལེགས་བསྒྱུར་བའི།།

སྲིད་འཛིན་ཁྱེད་འདྲ་ལོ་བརྒྱར་དཔྱད་འདེམས་ཇི་ལྟར་བྱས་ཀྱང་རྙེད་པ་དཀའ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号