ཉིང་རྡུལ་རིམ་པའི་ཚ་ལ་བ། ཨོ་རྒྱན།

ཁོང་ནི་ལོ་24སོན་ཙམ་གྱི་ཉིང་རྡུལ་རིམ་པའི་ཚ་ལ་བ་ཞིག་ཡིན་ཞིང་། ཉིང་རྡུལ་གློག་ཁང་སྒྲིག་སྦྱོར་བྱེད་པའི་ལས་ཀ་བྱེད་ཀྱི་ཡོད། ཁོང་གི་མིང་ཨང་བསྒྲིགས་བྱས་ནས་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་ཧྭ་ལུང་ཨང་དང་པོ་རྟགས་ཅན་གྱི་སྦུག་ལམ་ཐོག་བཀོད་ཡོད། ཁོང་ནི་བོད་རིགས་ཕོ་གཞོན་ཨོ་རྒྱན་རེད། 

རྡུལ་ཕྲན་རིམ་པའི་ཚ་ལ་བ་ནི་རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་ཅུད་ཀྱི་ཆེད་དོན་དཔྱད་ཞིབ་ནང་ཚད་ལོན་པའི་ཆེད་ལས་མི་སྣར་ཟེར་གྱི་ཡོད། 

ཨོ་རྒྱན་ནི་ཀྲུང་གོ་ཉིང་རྡུལ་ཚོགས་པའི་ཉིང་རྡུལ་རིམ་པའི་ཚ་ལ་བ་ཞིག་ཡིན་པ་དང་། རྒྱལ་ཡོངས་ཀྱི་རྩེར་སོན་ལག་རྩལ་པར་བདམས་ཐོན་བྱས་ཡོད། 

སྤྱི་ལོ་1999ལོར་ཨོ་རྒྱན་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཁྲོ་ཆུ་རྫོང་དུ་སྐྱེས་ཡོད། དེ་ནི་སྔོན་མ་རྒྱལ་ཁབ་རིམ་པའི་ཤིན་ཏུ་དབུལ་བའི་རྫོང་ཞིག་ཡིན་པ་རེད། 

ཨོ་རྒྱན་ཆུང་དུས་ཁྱིམ་དུ་ཕྱུགས་འཚོ་དགོས་པ་དང་། ལྷས་ར་སོགས་ལ་ཚ་ལ་རྒྱག་དགོས་ཡོད་ཚེ། གླ་མཐོ་པོ་སྤྲད་ནས་ཕྱི་མི་གླ་དགོས་ཀྱི་ཡོད་པས། ཚ་ལ་རྒྱག་མཁན་ཞིག་བྱ་རྒྱུ་ནི་ཨོ་རྒྱན་ཆུང་དུས་ཀྱི་ཕུགས་བསམ་ཡིན་པ་རེད། 

དམའ་རིམ་སློབ་འབྲིང་ཐོན་རྗེས། ཨོ་རྒྱན་ཁྲེན་ཏུའུ་གྲོང་ཁྱེར་ལག་རྩལ་སློབ་གླིང་གི་ཚ་ལའི་ཆེད་ལས་ལ་རྒྱུགས་འཕྲོད་ཡོད། 

སློབ་གྲྭ་འགྲིམ་རིང་། ཨོ་རྒྱན་གྱིས་ཉིན་ལྟར་ཆུ་ཚོད་15ཙམ་སྦྱོང་བརྡར་བྱེད་པ་དང་། གཟའ་འཁོར་གཅིག་ནང་ཉིན་6དང་ཉིན་ཕྱེད་ལས་མི་ཉུང་བ་སྦྱོང་བརྡར་བྱེད་ཀྱི་ཡོད། 

སྤྱི་ལོ་2018ལོར། ལོ་19སླེབས་པའི་ཨོ་རྒྱན་ལ་ཟི་ཁྲོན་ཞིང་ཆེན་གྱི་དབུ་ཆེན་བུམ་པའི་འགྲན་བསྡུར་ནང་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་དང་། ལོ་གསུམ་གྱི་སློབ་སྦྱོང་མཇུག་འགྲིལ་རྗེས་མུ་མཐུད་རིམ་པ་དེ་བས་མཐོ་བའི་སློབ་གྲྭར་རྒྱུགས་སྤྲད་ནས་ཚ་ལ་རྒྱག་སྟངས་སློབ་སྦྱོང་བྱས་ཡོད། 

སྤྱི་ལོ་2021ལོར། ཨོ་རྒྱན་སློབ་གྲྭ་ཐོན་ནས་ཀྲུང་གོ་ཉིང་རྡུལ་ཚོགས་པར་ལས་ཀར་ཕྱིན་ཡོད། ཉིང་རྡུལ་གློག་ནི་སྦག་བཙོག་མེད་པའི་ནུས་རྒྱུ་གསར་པ་ཞིག་ཡིན་རུང་། ཉིང་རྡུལ་གློག་ཁང་གི་རྡུལ་ཕྲན་དངོས་པོ་ཕྱི་ལ་ཤོར་ན་ཆག་སྒོ་ཆེན་པོ་སློང་གི་ཡོད། ཉིང་རྡུལ་གློག་ཁང་ནང་སྤྱི་ལེ་200ལྷག་གི་སྦུག་ལམ་ཡོད་ཅིང་། དེ་དག་ལ་ཚ་ལ་ཡག་པོ་ཞིག་རྒྱག་རྒྱུ་ནི་ལས་སླ་པོ་ཞིག་མིན། 

ཉིང་རྡུལ་རིམ་པའི་ཚ་ལ་བ་ནི་ཉིང་རྡུལ་གློག་ཁང་གི་སྦུག་ལམ་ལ་ཚ་ལ་རྒྱག་མཁན་ཡིན་ཞིང་། ལས་ཀར་སླེབས་མ་ཐག་པའི་སྐབས་སུ་ཚ་ལའི་དབུ་ཆེན་ཞིག་གིས་ཨོ་རྒྱན་ལ། ལས་ཀ་དེ་བྱེད་སྐབས་ཧོལ་རྒྱུགས་གཏན་ནས་བྱེད་རྒྱུ་མེད། དེ་ནི་ཕ་ཚ་བུ་རབས་ཀྱི་བདེ་འཇགས་ལ་ཐུག་པ་ཞིག་རེད་ཅེས་བཤད་ཡོད། 

ལག་རྩལ་དེ་བས་ཡག་པ་ཁོང་དུ་ཆུད་པ་བྱ་ཆེད། ཨོ་རྒྱན་གྱིས་རྟག་ཏུ་དཀའ་ངལ་ཆེན་པོ་ཡོད་པའི་ཚ་ལའི་ལག་རྩལ་སློབ་སྦྱོང་བྱེད་ཀྱི་ཡོད།

ཉིན་ནས་ཉིན་བསྟུད་དེ་སློབ་སྦྱོང་དང་སྦྱོང་བརྡར་བྱས་པས་ཨོ་རྒྱན་གྱིས་དུས་ཐུང་ཟླ་བ་གསུམ་ནང་རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་ཅུད་ཀྱི་ཚ་ལ་བའི་ཐོབ་ཐང་ལག་འཁྱེར་བླངས་ཡོད། 

ད་ཆ། ཨོ་རྒྱན་གྱིས་ཚ་ལ་རྒྱག་པའི་ལས་ཀ་བྱས་ནས་ལོ་གཉིས་ལ་ཉེ་བ་འདས་ཤིང་། རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་ཧྭ་ལུང་ཨང་དང་པོ་རྟགས་ཅན་གྱི་འཛུགས་སྐྲུན་ནང་ཚ་ལ་རྒྱག་པའི་འགན་ཁུར་ཡོད། 

ཨོ་རྒྱན་གྱིས། ངའི་མིང་མཚོན་པའི་ཨང་གྲངས་དེ་ཚ་ལ་རྒྱག་སའི་འཁྲིས་དེར་བཀོད་ཡོད། ཚ་ལ་དེ་དག་གིས་ལོ་ཟླའི་ཚོད་བགམ་ཐེག་པ་བྱ་དགོས་ལ། ངས་ཀྱང་ཚེ་གང་བདེ་འཇགས་ཀྱི་འགན་ཁུར་དགོས་ཞེས་བརྗོད་ཡོད། 

ཧྭ་ལུང་ཨང་དང་པོ་རྟགས་ཅན་གྱི་རྣམ་གྲངས་ལེགས་གྲུབ་ཟིན་རྗེས། ཁོང་གིས་ཐེན་ཝན་ཉིང་རྡུལ་གློག་ཁང་གི་འཛུགས་སྐྲུན་ལས་གྲྭར་ཐོ་འགོད་བྱས་ཡོད། ཨོ་རྒྱན་གྱིས། དེ་ནི་རྒྱལ་ནང་གི་ཚ་ལའི་ལས་ཀའི་ནང་བཟོ་རྩལ་རྙོག་དྲ་ཆེ་ཤོས་དང་། ལག་རྩལ་གྱི་དཀའ་ངལ་ཆེ་ཤོས་ཀྱི་ལས་གྲྭ་ཞིག་ཡིན་པས་རྩེར་སོན་གྱི་ཚ་ལ་རྒྱག་པའི་ལག་རྩལ་དགོས་ཀྱི་ཡོད་ཅེས་བརྗོད་འདུག 

ཨོ་རྒྱན་གྱིས་རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་བཟང་པོའི་འོག ཚ་ལ་རྒྱག་པའི་ལག་རྩལ་རྩེ་གྲྭ་ཞིག་སློབ་སྦྱོང་བྱས་ཏེ་མེས་རྒྱལ་གྱི་ཉིང་རྡུལ་བཟོ་ལས་བྱ་གཞག་ནང་ལག་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བཞིན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号