2024ལོའི་ལོ་སྟོད་ལ་བོད་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ཡག་པོ་བྱུང་འདུག

སྤྱི་ཚེས23ཉིན། བོད་རང་སྐྱོང་ལྗོངས་ཀྱི2024ལོའི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུགས་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་ལ་བོད་ལྗོངས་ཀྱི་ས་གནས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར1189.45ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་དུས་མཚུངས་ལས་བརྒྱ་ཆ6.1འཕར་ཏེ་འཕར་ཚད་རྒྱལ་ཡོངས་ནས་ཨང་གཉིས་པར་སླེབས་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་སྡོམ་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཕིང་གིས། བོད་ལྗོངས་ཀྱི་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་ཡག་པོ་བྱུང་ནས་ལོ་སྟོད་ལ་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་འབབ་སྤྱི་འབོར་སྒོར་དུང་ཕྱུར84.68ཟིན་ནས་དུས་མཚུངས་ལས་བརྒྱ་ཆ16.6འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་དུས་མཚུངས་ལས་བརྒྱ་ཆ19.7འཕར་བ་དེ་འཕར་ཚད་སྤྱི་ཟླ་དང་པོ་ནས་ལྔ་པའི་བར་ལས་བརྒྱ་ཆའི་གྲངས1.2མགྱོགས་སུ་ཕྱིན་ཡོད། གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་སྤྱི་ཟླ་དང་པོ་ནས་ལྔ་པའི་བར་གྱི་ལས་གཉེར་ཡོང་འབབ་བརྒྱ་ཆ4.5འཕར་བ་དང་། དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར་ལས་རིགས། སྦྲག་སྲིད་ལས་རིགས་བཅས་པ་བརྒྱ་ཆ22.4འཕར་ཡོད་ཅེས་ངོ་སྤྲོད་གནང་འདུག

ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱིས་དཔལ་འབྱོར་འཁོར་སྐྱོད་ལ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྣམ་གྲངས་འགན་གཙང་འགན་ལེན་གྱི་ལམ་ལུགས་དམ་དུ་བཏང་བ། ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་གསོ་སྤེལ་བྱེད་མགྱོགས་སུ་བཏང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ་བཅས་བྱས་པས2024ལོའི་ལོ་སྟོད་ལ་བོད་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ཡག་པོ་བྱུང་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号