རྫུན་གཏམ་བསྒྲགས་ཏེ་སྐྲག་བསླངས་ན་ཁྲིམས་འགན་ཅི་ཞིག་འཁུར་དགོས།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་ནི་ཀུང་སི་ཞིག་གི་ལས་བཟོ་པ་ཡིན་ཞིང་། 2021ལོའི་ལོ་སར་ལ་ཉིན་འགའ་ལས་མེད་དུས། ངས་ཀུང་སིའི་མགོ་ཁྲིད་ལ་གནང་བ་ཞུས་ཏེ་སྔ་མོ་ནས་ཕ་མའི་གམ་དུ་ལོག་འདོད་སྐྱེས། ཡིན་ན་ཡང་ཀུང་སིའི་མགོ་ཁྲིད་ཀྱིས་ད་ལོ་ཡིན་ན་རྒྱལ་ཁབ་ཀྱིས་ཀྱང་རང་ས་གནས་སུ་ལོ་སར་རོལ་བར་སྐུལ་སློང་བྱེད་བཞིན་ཡོད་པར་མ་ཟད། སྐབས་འདིར་ཀུང་སིའི་བྱ་བའང་བྲེལ་འཚུབ་ཤིན་ཏུ་ཆེ་བར་བཤད་དེ་ང་ལ་གནང་བ་མ་བྱིན། ཕྱིས་སུ་ང་ལས་ཚོགས་ལ་གཡོལ་ཆེད་ཡང་བསྐྱར་ཀུང་སིའི་མགོ་ཁྲིད་ལ་འབྲེལ་གཏུག་བྱས་ནས་རང་ཉིད་ཀྱིས་འགོས་ནད་ས་ཁུལ་གྱི་མི་ཞིག་དང་འབྲེལ་འདྲིས་བྱས་པས་ཕལ་ཆེར་ནད་འགོས་ཡོད་ཉེན་ཆེ་ལ། ཚ་རྒྱག་པ་དང་གློ་ལུ་བྱེད་པའི་ནད་རྟགས་ཡོད་པར་བཤད། དེ་བས་ཀུང་སིའི་ལས་གྲོགས་ཀུན་གྱིས་ངའི་གནས་ཚུལ་དེ་ཤེས་རྗེས། ཀུང་སིའི་མགོ་ཁྲིད་ལ་ཡར་ཞུ་བྱས་ཏེ་ང་དང་འབྲེལ་འདྲིས་བྱས་མྱོང་མཁན་གྱི་ལས་གྲོགས་ཚང་མས་བརྟག་དཔྱད་གསལ་པོ་བྱ་དགོས་པའི་རེ་བ་བཏོན། མ་བསམས་ས་ནས་ངའི་རྫུན་གཏམ་དེས་ལས་ཁུངས་སུ་གྲག་འགུལ་ཆེན་པོ་ཞིག་བསླངས་པས། ངས་ཀུང་སིའི་འབྲེལ་ཡོད་མགོ་ཁྲིད་ལ་རང་ཉིད་ལས་ཚོགས་ལ་གཡོལ་ཆེད་རྫུན་གཏམ་དེ་འདྲ་ཞིག་བསྒྲགས་པ་ཁས་ལེན་བྱས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་གནང་བ་ཞུ་ཆེད་འགོས་ནད་ཡོད་པའི་རྫུན་གཏམ་བསྒྲགས་ཏེ་སྐྲག་བསླངས་ན་བཅའ་ཁྲིམས་འགན་འཁྲི་ཅི་ཞིག་འཁུར་དགོས།

ཞེས་བསམ་ཁོ་ཡིས།

བློ་མཐུན་བསམ་ཁོ་ལགས།

རང་ཉིད་ལ་འགོས་ནད་ཡོད་པར་བཤད་དེ་དངངས་སྐྲག་བསླངས་ན། སྲིད་འཛིན་འགན་འཁྲི་དང་དེ་ལས་ཚབས་ཆེན་ཡིན་ན་ཉེས་དོན་འགན་འཁྲི་བདའ་འདེད་བྱེད་ངེས་ཡིན། འགོས་ནད་ཡོད་པར་བཤད་ན་མི་གཞན་ལ་འཇིགས་སྣང་སློང་བར་མ་ཟད། སྤྱི་ཚོགས་ཀྱི་སྤྱིའི་སྒྲིག་ལམ་ལའང་ཟིང་ཆ་བཟོ་བའི་ཁར་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་ཡང་བཟོ་སྲིད། དེར་བརྟེན། བྱ་སྤྱོད་འདིའི་རིགས་ལ་ཉེས་ཆད་གཅད་རྒྱུ་དང་སྤྱིའི་སྒྲིག་ལམ་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། རང་རྒྱལ་གྱི《བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན25པའི་གཏན་འཁེལ་ལྟར་ན། “དཀྲོག་གཏམ་བཤད་དེ་གནས་ག་གེ་མོ་ཞིག་ཏུ་ཉེན་ཁའི་གནས་ཚུལ་དང་རིམས་ནད་བྱུང་ཚུལ། ཉེན་ཟོན་གྱི་གནས་ཚུལ་བཅས་ཡོད་པར་རྫུན་བཟོ་བྱེད་པའམ་བྱེད་ཐབས་གཞན་བརྒྱུད་དེ་བསམ་གཟས་ནས་སྤྱིའི་སྒྲིག་ལམ་ལ་ཟིང་ཆ་བསླངས་ན། ཉིན5ནས10མན་བཀག་ཉར་དང་སྒོར500མན་གྱི་དངུལ་ཆད་བཅས་མཉམ་དུ་བཅད་ཆོག་པ་དང་། ཉེས་ཚབས་ཅུང་ཆུང་བར་ཉིན་ལྔ5མན་བཀག་ཉར་རམ་སྒོར500མན་གྱི་དངུལ་ཆད་གཅད་རྒྱུ”ཞེས་བཀོད་ཡོད། གཞན་ཡང་རང་རྒྱལ《ཉེས་ཁྲིམས》ཀྱི་དོན་ཚན291པའི་གཏན་འཁེལ་ལྟར་ན། “རིམས་ནད་ཀྱི་གནས་ཚུལ་རྫུན་མ་དང་ཉེན་ཁའི་གནས་ཚུལ་རྫུན་མ་བཟོས་ནས་དྲ་རྒྱའམ་སྨྱན་སྦྱོར་གཞན་པའི་ཐོག་ཁྱབ་སྤེལ་བྱས་ཏེ། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་ཟིང་ཆ་ཚབས་ཆེན་བཟོས་རིགས་ལ། བཙོན་འཇུག་དང་བཙན་ཉར་ལས་སྐུལ། རྩིས་སྤྲོད་དོ་དམ་བཅས་ཀྱི་ཉེས་ཆད་གཅད་རྒྱུ”ཞེས་བཀོད་ཡོད།

གོང་གི་གྱོད་དོན་འདིར་གཞིགས་ན། ཁྱོད་ལས་ཚོགས་ལ་གཡོལ་ཆེད། རང་ཉིད་ལ་འགོས་ནད་ཡོད་པའི་རྫུན་གཏམ་གྱིས་ཀུང་སིའི་ལས་བཟོ་པ་ཀུན་ལ་སྐྲག་བསླངས་པ་དེས། སྤྱི་ཚོགས་ཀྱི་སྤྱིའི་སྒྲིག་ལམ་ལ་ཤུགས་རྐྱེན་ངན་པ་བཟོས་པས། འདིར་བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་ན། ཁྱོད་ལ་བཀག་ཉར་རམ་སྲིད་འཛིན་ཆད་གཅོད་ཀྱི་ཆད་པ་ཕོག་པ་དང་། གལ་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་ཟིང་ཆ་ཚབས་ཆེན་བཟོས་ན། ཉེན་དོན་འགན་འཁྲི་ཡང་འཁུར་དགོས།

ཞེས་མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号