ཐོབ་ཐང་ཐོ་འགོད་འགྲོ་ལུགས་བསྒྲུབ་ཏུ་མ་བཅུག་ན་བདེ་སྲུང་ཆད་པ་བཅད་ཆོག་གམ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ངའི་ཕ་མ་གཉིས་ཀ་ཚེ་ལས་འདས་རྗེས། ངས་ཤུལ་འཛིན་བྱས་པའི་ཁང་པ་གཉིས་ཀ་བེད་མེད་དུ་མི་བསྐྱུར་བའི་ཆེད་དུ། ཁང་པ་གཅིག་ཕྱི་ལ་གླས་ཏེ་ཡོང་སྒོ་འཚོལ་རྩིས་བྱས། འབྲུག་ལོ་ནི་ཞོར་ལས་པ་ཞིག་ཡིན་པས་ངའི་ཁང་པ་གླ་འདོད་སྐྱེས་ཤིང་། ཁང་པའི་གླ་གཏོང་གན་རྒྱ་འཇོག་པའི་ཉིན་དེར། ངས་ཁོ་ལ་ཐོབ་ཐང་ལག་ཁྱེར་ཨང་གྲངས་ཐོ་འགོད་དང་གྲོས་མཐུན་ཡི་གེ་སྟབས་བདེ་ཞིག་འབྲི་རུ་འཇོག་དུས། འབྲུག་ལོས་ང་ལ་ཁོའི་ཐོབ་ཐང་ལག་ཁྱེར་བརྐུས་སོང་བས་ས་གནས་མངགས་གཏོང་ཁང་ལ་གསབ་སྒྲུབ་ཀྱི་སྙན་ཞུའི་འགྲོ་ལུགས་བསྒྲུབས་ཟིན་པ་དང་། ཐོབ་ཐང་ལག་ཁྱེར་ཐོན་རྗེས་ཐོ་འགོད་འགྲོ་ལུགས་བསྒྲུབ་རྒྱུ་བྱས།དེ་བས་ངས་འབྲུག་ལོའི་ངག་ཐོག་གི་གསལ་བཤད་ཙམ་དང་མིང་བྲིས་པ་ཁོ་ནར་བརྟེན་ནས་ངེད་གཉིས་ཀྱིས་ཁང་པའི་གླ་གཏོང་གན་རྒྱ་བཞག འབྲུག་ལོ་ཁང་པ་རུ་བསྡད་རྗེས་ཁ་ཆད་ལྟར་ཐོབ་ཐང་འགྲོ་ལུགས་མ་བསྒྲུབས་ཤིང་།དེའི་སྐབས་སུ་ངའི་བྱ་བར་ཤིན་ཏུ་བྲེལ་འཚུབ་ཆེ་སྟབས་འབྲུག་ལོ་ལ་ཐོ་འགོད་འགྲོ་ལུགས་བསྒྲུབ་དགོས་པའི་རེ་བ་མ་བཏོན།ཕྱིས་སུ་འབྲུག་ལོས་ཁང་པ་རུ་དུག་རྔུབ་སྟེ་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས་ནས་རྒྱུས་ལོན་བྱས་པ་ལྟར་ན།འབྲུག་ལོ་ལ་ཁྲིམས་མཐུན་ནུས་ལྡན་གྱི་ཐོབ་ཐང་ལག་ཁྱེར་མེད་པར་མ་ཟད།ངས་ཁང་པ་གླ་སྐབས་འབྲུག་ལོ་ལ་ཐོབ་ཐང་ཐོ་འགོད་བྱེད་དུ་མ་བཅུག་པ་ཤེས་རྟོགས་བྱུང་།དེར་བརྟེན།སྤྱི་བདེ་ལས་ཁུངས་ཀྱིས་ང་ལ་བདེ་སྲུང་ཆད་པ་སྒོར400གཅད་རྒྱུའི་ཐག་བཅད།འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ང་ལ་སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྲུང་དོ་དམ་ཆད་པ་བཅད་ཆོག་གམ།

ཞེས་དཔལ་བཟང་གིས།

བློ་མཐུན་དཔལ་བཟང་ལགས།

གྱོད་དོན་འདི་ཁང་བདག་གི་བདེ་འཇགས་དོ་དམ་འགན་འཁྲིའི་གནད་དོན་དང་འབྲེལ་བ་ཡོད། ཁང་བདག་གི་བདེ་འཇགས་དོ་དམ་འགན་འཁྲི་ཞེས་པ་ནི་སྤྱི་དམངས་ཀྱིས་ཁང་པ་མི་གཞན་ལ་གླ་སྐབས། ཁང་པ་གླ་མཁན་གྱི་ཐོབ་ཐང་སོགས་གནས་ཚུལ་ཐོ་འགོད་བྱ་དགོས་པར་མ་ཟད་བྱ་སྤྱོད་ལའང་རྒྱུས་ལོན་གསལ་པོ་བྱ་དགོས་ལ། དེ་མིན་ཚེ་སྲིད་འཛིན་གྱི་ཆད་པ་འཕོག་ངེས། རང་རྒྱལ་གྱི《བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན57པའི་གཏན་འཁེལ་ལྟར་ན།“ཁང་བདག་གིས་ཐོབ་ཐང་ལག་ཁྱེར་མེད་པའི་མིར་ཁང་པ་གླས་ནས་སྡོད་དུ་བཅུག་པའམ་གཏན་འཁེལ་ལྟར་ཁང་པ་གླ་མཁན་གྱི་མིང་དང་ཐོབ་ཐང་ལག་ཁྱེར་གྱི་རིགས། ཨང་རྟགས་བཅས་ཐོ་འགོད་བྱེད་དུ་མ་བཞག་པའི་རིགས་ལ། སྒོར200ནས་སྒོར500མན་གྱི་དངུལ་ཆད་གཅད་རྒྱུ། ཁང་པ་གླ་མཁན་གྱིས་ཁང་པ་རུ་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་བ་ཁང་བདག་གིས་ཤེས་བཞིན་དུ་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་མ་ཞུས་ན། སྒོར200ནས་སྒོར500མན་གྱི་དངུལ་ཆད་གཅད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན5མན་གྱི་བཀག་ཉར་གྱི་ཆད་པ་གཅད་རྒྱུ་དང་སྒོར500མན་གྱི་དངུལ་ཆད་བཅས་མཉམ་དུ་བཅད་ཆོག”ཅེས་བཀོད་ཡོད། བཅའ་ཁྲིམས་ཀྱིས་འདི་ལྟར་གཏན་འཁེལ་བྱེད་དོན་ནི། ཁང་པ་གླ་མཁན་གྱིས་ཁང་པ་བེད་སྤྱད་ནས་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་བ་སྔོན་འགོག་བྱེད་ཆེད་དང་། ལྷག་པར་ཕྱི་ནས་ཡོང་བའི་འགྲོ་འོང་མི་གྲངས་ཤིན་ཏུ་མང་བའི་གྲོང་ཁྱེར་ཆེ་འབྲིང་ཁག་ཏུ་ཁང་པ་གླ་མཁན་གྱི་ཐོབ་ཐང་ཐོ་འགོད་བྱས་ན་བདེ་འཇགས་དོ་དམ་ལ་ཕན་ཐོགས་ཆེན་པོ་ལྡན་པ་ཡིན།

གོང་གི་གྱོད་དོན་འདིའི་ཁྲོད་དུ། ཁྱོད་ཀྱིས་ཁང་པ་འབྲུག་ལོ་ལ་གླ་སྐབས། འབྲུག་ལོའི་ངག་ཐོག་གི་སྐད་ཆ་ཁོ་ནར་ཡིད་ཆེས་ཏེ་ཐོབ་ཐང་ཐོ་འགོད་མ་བྱས་ཤིང་། ཕྱིས་སུ་ཁོ་ལ་ཐོ་འགོད་བྱ་དགོས་པའི་རེ་བ་མ་བཏོན་པ་དང་། ཁྱོད་ནི་ཁང་བདག་ཡིན་པའི་ངོས་ཐད་ནས་རང་ཉིད་ཀྱིས་བདེ་སྲུང་འོས་འགན་ལག་བསྟར་མ་བྱས་པས་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འགལ་ཡོད། དེར་བརྟེན། སྤྱི་བདེ་ལས་ཁུངས་ཀྱིས་ཁྱོད་ལ་ཁྲིམས་ལྟར་བདེ་སྲུང་ཆད་གཅོད་བྱེད་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པ་མ་ཡིན། ཁྱོད་ཀྱི་ཁང་པ་རུ་དོན་ངན་གཅིག་ཀྱང་མ་བསྒྲུབས་ནའང་ཁྱོད་ཀྱིས་ཁང་བདག་གི་འོས་འགན་མ་ཐེག་པས། བདེ་སྲུང་དོ་དམ་གྱི་ཆད་པ་འཕོག་ངེས།

ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号