མར་ཐཱའི་ཙུང་ལི་ཡིས་ཀྲུང་གོའི་བར་སྔར་ལས་མང་བའི་དངོས་གཉེར་མཉམ་ལས་སྤེལ་འདོད་ཡོད་པའི་ཚུལ་བསྟན།

མར་ཐཱའི་ཙུང་ལི་ཨ་པེ་ལཱ་ཡིས་ཚེས4ཉིན་བསྟན་དོན། མར་ཐཱ་ཡིས་ཀྲུང་གོའི་བར་སྔར་ལས་མང་བའི་དངོས་གཉེར་མཉམ་ལས་སྤེལ་བ་དང་། གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཨ་པེ་ལཱ་ཡིས་ཉིན་དེའི་དགོང་མོར་མར་ཐཱའི་ཤར་ལྷོའི་ཕྱོགས་ཀྱི་མཱ་ཨར་སཱ་གྲོང་ཁྱེར་ནས་སྤེལ་བའི་མར་ཐཱ་དང་ཀྲུང་གོའི་ཉ་གཤོག་སྔོན་པོ་ཅན་གྱི་མདུང་ཉ་སེར་པོའི་མཉམ་ལས་གླེང་སྟེགས་ཐོག་མའི་ཉིས་སྟོང་ཉེར་བཞི་ལོའི་ལས་སྣོན་དུས་ཚིགས་མགོ་རྩོམ་པའི་མཛད་སྒོར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་སྟེང་བཤད་རྒྱུར། སྟེགས་བུ་དེ་བཙུགས་པ་ལས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་རེ་བས་ཁེངས་པའི་ལེའུ་གསར་བ་ཞིག་གསར་འབྱེད་བྱས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བའི་མཚོན་རྟགས་ཡིན་ཟེར།

མར་ཐཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཚབ་མ་ཕིན་ཡེ་ཅུན་གྱིས་བསྟན་དོན། ཀྲུང་གོ་དང་མར་ཐཱ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་ཡིན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་ཆེད་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་བདེ་ཐང་དང་གཏན་འཇགས་འཕེལ་རྒྱས་ཀྱི་ཆེད་དུ་དྲང་ཕྱོགས་ནུས་ཚད་ཁ་སྣོན་བྱས་ཡོད་ཟེར།

མར་ཐཱའི་ཆུ་ཐོན་གསོ་སྤེལ་ཀུང་ཟིའི་སྤྱིའི་འགན་འཛིན་པ་ཨེ་ལུའུ་ཨར་གྱིས་བསྟན་དོན། མར་ཐཱའི་ཉ་གཤོག་སྔོན་པོ་ཅན་གྱི་མདུང་ཉ་སེར་པོ་ཀྲུང་གོར་ཕྱིར་གཏོང་ཐུབ་པ་ནི་རྒྱལ་ཁབ་གཉིས་ཀྱིས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་ཐུན་མོང་ལྟ་ཚུལ་ལས་བྱུང་བ་ཡིན་ཟེར།

ཨ་པེ་ལཱ་ཡིས་མཛད་སྒོ་མཇུག་སྒྲིལ་རྗེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མར་ཐཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དམ་ཟབ་ཡིན་པ་དང་མཉམ་ལས་རྨང་གཞི་སྲ་བརྟན་ཡིན། སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་དག་མར་ཐ་རུ་ཡོད་པའི་སྤུས་ཚད་མཐོ་བའི་དངུལ་གཏོང་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།

ཀྲུང་གོ་དང་མར་ཐཱའི་ཉ་གཤོག་སྔོན་པོ་ཅན་གྱི་མདུང་ཉ་སེར་པོའི་མཉམ་ལས་གླེང་སྟེགས་ཐོག་མ་དེ་མར་ཐཱའི་ཆུ་ཐོན་གསོ་སྤེལ་ཀུང་ཟི་དང་ཧྲན་ཏུང་རྒྱ་མཚོའི་སྡེ་ཚོགས་ཀྱི་ཁོངས་སུ་གཏོགས་པའི་ཧྲན་ཏུང་ཧྲིན་ཡོན་རྒྱ་མཚོའི་འཕེལ་རྒྱས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་དུ་སྤེལ་བ་ཡིན་ལ། མཉམ་ལས་ཁྱབ་ཁོངས་དེ་ཉ་གཤོག་སྔོན་པོ་ཅན་གྱི་མདུང་ཉ་སེར་པོའི་ཉོ་ཚོང་དང་སྐྱེལ་འདྲེན། ལས་སྣོན་སོགས་ལ་ཁེབས་ཡོད།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号