“དམངས་ཡོངས་ཞུགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སྐྱོར་གསར་སྤེལ་ལམ་བུར་བསྐྱོད་ཡོད”

“འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཞིག་ཡིན། ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་མིག་ལྟ་སྐབས། ཀྲུང་གོའི་འཕེལ་རྒྱས་དེ་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་སྲིད་ཏང་གི་འགོ་ཁྲིད་ནུས་ལྡན་ཞིག་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་གུང་ཁྲན་ཏང་གིས་སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་ནས་ཞུམ་མེད་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བྱས་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད”ཅེས་ཉིན་ཤས་གོང་ཁམ་ཕུ་ཁྲེའི་ཁམ་ཀྲུང་འབྲེལ་བའི་འཕེལ་རྒྱས་སློབ་ཚོགས་ཀྱི་ཚོགས་གཙོ་ཤེ་མོ་ཉི་ལེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།

ཁམ་ཀྲུང་འབྲེལ་བའི་འཕེལ་རྒྱས་སློབ་ཚོགས་ཀྱི་གསར་གཏོད་པ་ཡིན་པའི་ཤེ་མོ་ཉི་ལེས་ཁམ་ཀྲུང་གི་དམངས་ཁྲོད་རྩ་འཛུགས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། ཁོང་གིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ནས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁོང་གིས“སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ40ལྷག་ཙམ་རིང་ཀྲུང་གོས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར7.7གྱི་སྣེ་ཁྲིད་དེ་དབུལ་པོ་ལས་བསྒྲལ་བ་དེས་དུས་མཚུངས་ཀྱི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་མི་འབོར་གྱི70%ཡན་ཟིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་ལོ10སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད། དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་བྱ་སྤྱོད་རླབས་པོ་ཆེ་ཞིག་རེད། ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་གྲུབ་འབྲས་ཐོབ་པ་དེས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད”ཅེས་བརྗོད།

ཤེ་མོ་ཉི་ལེ་དེ་སྔ་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ནའི་ཏའེ་རིགས་རང་སྐྱོང་ཀྲོའུ་ཡི་ལུང་ཁུག་གྲོང་ཚོ་ཞིག་ཏུ་རྟོག་ཞིབ་ཐེངས་གཉིས་བྱེད་པར་སྐྱོད་སྐབས་དུས་ཐུང་ལོ་གཉིས་ནང་དེ་གར་འགྱུར་ལྡོག་ཕྱིན་པ་ཤེས་རྟོགས་བྱུང་ཡོད། ཤེ་མོ་ཉི་ལེས“ས་གནས་དེ་གའི་ཚོང་དོན་དང་། ཡུལ་སྐོར། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཚན་མང་པོས་ནུས་ཤུགས་ཡོད་རྒུས་མཉམ་ལས་བྱས་ཏེ། གྲོང་ཚོར་ལམ་བཟོ་རོགས་དང་། ཁྱད་ལྡན་གྱི་དམངས་སྲོལ་གནས་ཚང་སྐྲུན་རོགས། ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱེད་རོགས་བཅས་བྱས་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ཀྲུང་གོའི་དབུལ་སྐྱོར་ལས་དོན་ལ་ཀྲུང་དབྱང་ནས་ས་གནས་བར་དང་། ཁེ་ལས་སྒྲིག་གཞི་ནས་དམངས་ཚོགས་དཀྱུས་མའི་བར་གྱི་འབད་བརྩོན་ལྷོད་མེད་གཅིག་ཏུ་བསྡུས་པ་དང་། སྤྱི་ཚོགས་ཡོངས་ཀྱི་བེད་སྤྱོད་ཐུབ་པའི་ཐོན་ཁུངས་མཐའ་དག་སྐུལ་སློང་བྱས་ནས་དམངས་ཡོངས་ཞུགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་ལམ་བུར་བསྐྱོད་ཡོད”ཅེས་བརྗོད།

ཤེ་མོ་ཉི་ལེས“ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སྐྱོར་སྲིད་ཇུས་ནང་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་འཕེལ་བ་དང་། མི་རྣམས་ཀྱིས་རང་སྟོབས་རང་སྤེལ་ལ་བརྟེན་ནས་རིན་ཐང་གཏོད་རྒྱུར་སྐུལ་མ་བཏང་སྟེ་དབུལ་སྒྲོལ་གྱི་ཕན་འབྲས་སྔར་བས་རྒྱུན་མཐུད་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད། ཉམས་མྱོང་དེ་དག་ཁམ་ཕུ་ཁྲེས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་ཡོད། ཉེ་བའི་ལོ་ཤས་རིང་ཁམ་ཕུ་ཁྲེ་དང་ཀྲུང་གོའི་དབར་དབུལ་པོ་ཉུང་གཏོང་གི་ཁྱབ་ཁོངས་ནང་སྤེལ་རེས་དང་མཉམ་ལས་དམ་ཟབ་རྒྱུན་ཆད་མེད་པར་བྱེད་ཀྱི་ཡོད། དཔེར་ན། 2021ལོའི་ཟླ་དང་པོར་ལག་ལེན་བསྟར་འགོ་ཚུགས་པའི་ཁམ་ཀྲུང་མཛའ་གྲོགས་དབུལ་སྐྱོར་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་ཀྱིས་ཀྲུང་གོའི་དབུལ་སྐྱོར་ཉམས་མྱོང་དང་ཁམ་ཕུ་ཁྲེའི་ས་གནས་དེ་གའི་དོན་དངོས་གནས་ཚུལ་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་ལམ་བུ་འཛུགས་སྐྲུན་དང་། དྭངས་གཙང་འཐུང་ཆུ་མཁོ་འདོན། གསོ་ཚགས་ལས་རིགས་འཕེལ་རྒྱས། རྩལ་ནུས་གསོ་སྦྱོང་སོགས་བརྒྱུད་ས་གནས་དེ་གའི་གྲོང་ཚོར་དགའ་འོས་པའི་འགྱུར་ལྡོག་མང་པོ་བྱུང་ཡོད”ཅེས་བརྗོད།

ཤེ་མོ་ཉི་ལེས“ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་འཁྲུངས་སྐར་ལ་ངས་ཀྲུང་གོ་མུ་མཐུད་དར་རྒྱས་གོང་འཕེལ་འགྲོ་བ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་། ཀྲུང་གོར་འཐུས་སྒོ་ཚང་ལ་ཕན་འབྲས་ཆེ་བའི་ཆབ་སྲིད་ཀྱི་སྒྲིག་གཞི་ཡོད་པ་མ་ཟད། གསར་གཏོད་རང་བཞིན་ལྡན་ལ་ལས་ལ་བརྩོན་པའི་མི་དམངས་ཀྱང་ཡོད་པས་རྒྱལ་ཡོངས་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་དང་། སྒྱུར་བཅོས་རྒྱུན་མཐུད་ཟབ་གཏོང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཅས་གཏོང་བཞིན་ཡོད། ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་སྦྱིན་རྒྱུ་ཡིན་པས། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཐད་ཀྲུང་གོས་ནུས་པ་སྔར་བས་ཆེན་པོ་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་བརྗོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号