ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་ཙུང་ལི་དང་མཇལ་འཕྲད་གནང་བ།

ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གིས་ཧྥན་མིང་ཀྲེང་ལ་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་ཞུས་པ་རེད། ཞི་ཅིན་ཕིང་གིས། ན་ནིང་ལོ་མཇུག་ཏུ་ང་རང་ནས་ཝེ་ཐེ་ནམ་དུ་འཚམས་འདྲི་ཞུ་རིང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་མཉམ་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་མཚམས་གསར་པར་སླེབས་རྒྱུར་སྣེ་ཁྲིད་བྱས་པ་ཡིན། ལོ་ཕྱེད་ལྷག་ཙམ་སོང་རིང་། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་འགྲོ་འོང་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རིམ་བདེ་བླག་བྱུང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་བསྐྲུན་ཡོད། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པས། ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་རྒྱལ་ཁབ་གཉིས་པོ་རང་སོ་སོའི་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་མཐུན་པ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་འཐབ་ཇུས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཐོག “སྔར་ལས་ལྷག་པ་དྲུག”གི་སྤྱིའི་དམིགས་ཚད་ལ་དམིགས་ནས། མཐུན་སྒྲིལ་མཛའ་གྲོགས་མཐའ་འཁྱོངས་བྱེད་པ་དང་། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་དེང་རབས་ཅན་དུ་བསྐྱོད་པ་བཅས་ཀྱི་ཐོག་ནས། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས། དར་རྒྱས་བཅས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དེས་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་མཉམ་སྦྲེལ་མཉམ་མཐུད། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་གོ་སྐབས་གསར་པ་འཕྲད་རྒྱུ་རེད། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཝེ་ཐེ་ནམ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བྱེད་འདོད་ཡོད་ལ། ཝེ་ཐེ་ནམ་ཕྱོགས་ནས་ཀྱང་ཀྲུང་གོའི་ཁེ་ལས་ལ་དྲང་པོ་དྲང་གཞག་དང་མཐོང་ཆུང་མེད་པ་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་ཏང་གཉིས་མཛའ་གྲོགས་འགྲོ་འོང་བྱེད་པའི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། མཐའ་མཚམས་ཞིང་ཆེན་གྱིས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ། ཞིང་ལས་དང་སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་པ། དམངས་ཁྲོད་དང་གཞོན་ནུ་སོགས་ཀྱི་སྤེལ་རེས་ལས་སྟེགས་བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་མཚོ་ཐོག་གི་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས། ཐུན་མོང་ཐོག་མཚོ་ཐོག་གསར་སྤེལ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱ་དགོས་ཞེས་ནན་སྟོན་གནང་བ་རེད།

ཧྥན་མིང་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་བ་དང་འབྲེལ། ཁོང་གིས། ཝེ་ཐེ་ནམ་དང་ཀྲུང་གོ་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་གཉིས་ཀ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོར་ཕྱོགས་ཡོངས་ནས་རླབས་ཆེན་གྲུབ་འབྲས་ཐོབ་པར་ཝེ་ཐེ་ནམ་ཕྱོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོས་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཐད་སྒུལ་ཤུགས་གལ་ཆེན་དང་གྲུ་གནོན་རྡོ་ལྟ་བུའི་ནུས་པ་འདོན་སྤེལ་བྱས་པར་གདེང་འཇོག་གང་ལེགས་བྱེད་ཀྱི་ཡོད། ཀྲུང་གོ་གོང་འཕེལ་དང་སྟོབས་ཆེ། དར་རྒྱས་བཅས་ཡོང་བ་དང་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་སྟེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ནུས་པ་དེ་བས་གལ་ཆེན་འདོན་སྤེལ་བྱ་རྒྱུར་ཝེ་ཐེ་ནམ་ཕྱོགས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མངོན་པའི་ལོ་རྒྱུས་ཀྱི་མཐོང་རྒྱ་དང་གོ་ལ་ཧྲིལ་པོའི་མིག་རྒྱང་། རླབས་ཆེན་གྱི་སྟོབས་ཤུགས་བཅས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་ཅིང་། ཀྲུང་གོ《ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་གྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་བྱ་རྒྱུ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་ཏང་སྐྱོང་རྒྱལ་སྐྱོང་དང་སྲིད་འཛིན་གྱི་རིགས་པའི་གཞུང་ལུགས་གསར་པ་དང་། ལག་ལེན་གསར་པ། གྲུབ་འབྲས་གསར་པ་བཅས་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཐོག ཀྲུང་གོ་ཕྱོགས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཝེ་ཐེ་ནམ་གྱི་མི་རིགས་རང་བཙན་དང་རྒྱལ་ཁབ་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཐའེ་ཝན་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བརྟན་པོ་ཞུས་ཐོག ཝེ་ཐེ་ནམ་དང་ཀྲུང་གོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་ཝེ་ཐེ་ནམ་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་ལས་དོན་ཨང་དང་པོ་དང་འཐབ་ཇུས་ཀྱི་གདམ་གར་བརྩི་རྒྱུ་ཡིན་ཞིང་། དེར་ཕྱི་ཕྱོགས་ཀྱི་དཀྲུག་ཤིང་དང་ཐེ་ཇུས་གཏོར་བཤིག་ཐེབས་མི་སྲིད། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ན་ནིང་ཝེ་ཐེ་ནམ་ལ་ལེགས་གྲུབ་ལྡན་པའི་ངང་རྒྱལ་དོན་འཚམས་འདྲི་གནང་བ་དེ་ནི་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ཞིག་རེད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཐེངས་དེའི་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཐོག “སྔར་ལས་ལྷག་པ་དྲུག”གི་སྤྱིའི་དམིགས་ཚད་གཞིར་བཟུང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གཞོན་ནུའི་སྤེལ་རེས་ལ་སྐུལ་མ་གཏོང་བ། དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་རྒྱག་པ། འགལ་ཟླ་ཐག་གཅོད་འོས་འཚམ་བཅས་བྱས་ཏེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཐེ་ནམ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པར་སྐུལ་འདེད་ཏན་ཏིག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་མཇལ་འཕྲད་ལ་ཞུགས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号