མཚོ་སྔོན·མཚོ་བྱང་མཚོ་སྔོན་པོའི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་སྐབས་གཉིས་པ་རྒྱལ་ཁའི་ངང་མཇུག་སྒྲིལ།

   གསེར་དངུལ་རྩྭ་ཐང་གི་ཁོར་ཡུག་མཛེས་ཤིང་སྡུག་ལ་རྟ་མཆོག་གི་རྨིག་སྒྲ་ཕྱོགས་ཅུར་ཁྱབ། ཟླ8པའི་ཚེས6ཉིན། དུས་ཡུན་ཉིན་བཞི་རིང་གི་མཚོ་སྔོན·མཚོ་བྱང་མཚོ་སྔོན་པོའི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་སྐབས་གཉིས་པའི་འགྲན་རིམ་སོ་སོ་ཡོངས་སུ་འགྲུབ་ནས་མདའ་བཞི་རྫོང་ནུབ་མཚོ་ལུས་རྩལ་ར་བར་བདེ་བླག་ངང་མཇུག་སྒྲིལ།

   ཐེངས་འདིའི་འགྲན་བསྡུར་ལ་སྨི2000ཅན་གྱི་འབྲོག་རྟའི་གོམ་རྟ་དང་སྨི5000ཅན་གྱི་འབྲོག་རྟའི་གོམ་རྟ། སྨི5000ཅན་གྱི་འབྲོག་རྟའི་རྒྱུག་རྟ། སྨི2000ཅན་གྱི་རྒྱུད་བཟང་ལེགས་སྒྱུར་རྒྱུག་རྟ། སྨི3000ཅན་གྱི་རྒྱུད་བཟང་ལེགས་སྒྱུར་གོམ་རྟ། སྨི5000ཅན་གྱི་རྒྱུད་བཟང་ལེགས་སྒྱུར་རྒྱུག་རྟ། སྨི1000ཅན་གྱི་བུད་མེད་འབྲོག་རྟའི་གོམ་རྟ་བཅས་རྣམ་གྲངས7བཀོད་སྒྲིག་བྱས་ཡོད་ལ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས7ནས་ཡོང་བའི་འགྲན་ཞུགས་པ613འགྲན་བསྡུར་ལ་ཞུགས་ཤིང་། འགྲན་བསྡུར་གྱི་སྤྱིའི་བྱ་དགའ་སྒོར་ཁྲི99.7ཟིན་ཡོད་པ་རེད།


   རྟ་མཆོག་གི་བང་རྩལ་སྐྱི་བསེར་རླུང་ལ་འགྲན་བཞིན་རྣམ་དཔྱོད་ཀྱི་ཉ་མོ་རླབས་སུ་འཕྱོ་འདྲའི་སྐུ་མགྲོན་གྱི་དགའ་འབོད་དང་རྒོད་པོའི་སྟངས་སྟབས་ཀྱི་གཤོག་འགྱུར་ངོམ་འདྲའི་རྟ་པ་ཚོའི་སྐྱ་རྩལ་ཁྲོད་ནས། ནམ་མཁའ་སྔོ་ཞིང་དྭངས་ལ་ས་གཞི་མུ་མཐའ་བྲལ་བའི་མདའ་བཞིའི་གསེར་དངུལ་རྩྭ་ཐང་ནས་སྟག་ཤ་རའི་བརྩེ་བ་རྟ་ལ་འཁོར་ཞིང་རྟ་འདོ་བའི་རྨིག་སྣེ་རླུང་ལ་འགྲན་ཏེ། དུས་ཡུན་ཉིན4རིང་གི་ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། ཀན་སུའུ་ཞིང་ཆེན་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་ཏ་ཧོ་ཡུལ་ཚོའི་ཁི་ཧའེ་ཕིན་ལ་སྨི1000ཅན་གྱི་བུད་མེད་འབྲོག་རྟའི་གོམ་རྟའི་ཨང་དང་པོ་ཐོབ་པ་དང་། ནང་སོག་ཁོ་ཨར་ཆིན་ཙོ་དབྱི་ཧི་ཆི་རྟ་རྒྱུག་གསོ་སྦྱོང་ཆེད་ལས་མཉམ་ལས་ཁང་གི་ཆིན་ཧའེ་ལ་སྨི2000ཅན་གྱི་འབྲོག་རྟའི་གོམ་རྟའི་ཨང་དང་པོ་ཐོབ། མདའ་བཞི་རྫོང་ཝ་མགྱོགས་བོད་ལུག་གསོ་སྤེལ་ར་བའི་སྙིང་ཐར་འབུམ་ལ་སྨི5000ཅན་གྱི་འབྲོག་རྟའི་གོམ་རྟའི་ཨང་དང་པོ་ཐོབ། ནང་སོག་ཁོ་ཨར་ཆིན་ཙོ་དབྱི་ཧི་ཆི་ཝུའུ་རི་རྟ་རྒྱུག་གསོ་སྦྱོང་ཆེད་ལས་མཉམ་ལས་ཁང་གི་ཆིན་ཧའེ་ལ་སྨི5000ཅན་གྱི་འབྲོག་རྟའི་རྒྱུག་རྟའི་ཨང་དང་པོ་ཐོབ། ཡུན་ནན་བདེ་ཆེན་ཁུལ་རྟ་རྒྱུག་མཐུན་ཚོགས་ཀྱི་ཆིན་ཁྲུན་ཧྲིན་ལ་སྨི2000ཅན་གྱི་རྒྱུད་བཟང་ལེགས་སྒྱུར་རྒྱུག་རྟའི་ཨང་དང་པོ་ཐོབ། རྐང་ཚ་རྫོང་བོད་མཁར་རྟ་རྒྱུག་མཐུན་ཚོགས་ཀྱི་བྱམས་པར་སྨི3000ཅན་གྱི་རྒྱུད་བཟང་ལེགས་སྒྱུར་གོམ་རྟའི་ཨང་དང་པོ་ཐོབ། ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཆིན་ཧྲོས་ཧུའུ་རྟ་ལས་མཐུན་ཚོགས་ཀྱི་དོན་ལུང་ལ་སྨི5000ཅན་གྱི་རྒྱུད་བཟང་ལེགས་སྒྱུར་རྒྱུག་རྟའི་ཨང་དང་པོ་ཐོབ།   

   ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་གྱི་གཞི་རྒྱ་ཆེ་ཞིང་ཧ་ཅང་འཁྲུག་ཆ་དོད་པས་ཁུལ་ཡོངས་ཀྱི་ས་གནས་སོ་སོའི་རྟ་རྒྱུག་ལ་དགའ་མཁན་དང་རིགས་སོ་སོའི་མང་ཚོགས་མི་ཐེངས་ཁྲི4ལྷག་ཙམ་ཡུལ་དངོས་སུ་ཡོང་ནས་འགྲན་བསྡུར་ལ་བལྟས་པར་མ་ཟད། མཚོ་བྱང་ལ་ཡུལ་སྐོར་དུ་ཡོང་བའི་རྒྱལ་ཡོངས་ས་གནས་སོ་སོའི་ཡུལ་སྐོར་བ་མི་ཉུང་བ་ཞིག་ཀྱང་ཡོད་པ་རེད། རྟ་མཆོག་རེ་རེའི་བང་རྩལ་དང་ཞོན་མཁན་རེ་རེའི་སྐྱ་རྩལ་གྱིས་དེར་ཡོད་ཀྱི་ལྟད་མོ་བ་རྣམས་ཀྱི་ཡིད་སེམས་རབ་ཏུ་དྲངས་ཤིང་། དགའ་སྤྲོའི་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲ་ནི་གཡུ་འབྲུག་སྟོང་གི་ངར་སྐད་བཞིན་གསེར་དངུལ་རྩྭ་ཐང་ཡོངས་ལ་ཁྱབ། བསྡོམས་རྩིས་བྱས་པར་གཞིགས་ན། མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་སྨྱན་སྦྱོར་གྱིས་ཐད་གཏོང་བྱས་པར་ལྟ་མཁན་མི་ཐེངས་ཁྲི1200ལྷག་ཙམ་ཟིན་ཡོད་པ་རེད།     

   ཐེངས་འདིའི་རྟ་རྒྱུག་ཚོགས་ཆེན་བརྒྱུད་མི་རིགས་སོ་སོའི་དབར་གྱི་མཛའ་བརྩེ་ཟབ་ཏུ་ཕྱིན་པར་མ་ཟད། རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་རྣམས་ལ་མཚོ་བྱང་མི་དམངས་ཀྱི་སྤྲོ་སེམས་མཚོན་པར་བྱས་ནས་མཚོ་བྱང་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་དར་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ལ། དེ་དང་ཆབས་ཅིག མཚོ་བྱང་གི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་མཛེས་སྡུག་ལྡན་པའི་རང་བྱུང་གི་མཛེས་ལྗོངས་མངོན་ཞིང་། བདེ་སྐྱིད་ལྡན་པའི་མཚོ་བྱང་གི་རྣམ་པ་གསར་པ་ཁྱོན་ཡོངས་ནས་མངོན་པ་བྱས་ཏེ་མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕ་ཡུལ་ལ་དགའ་ཞེན་དང་ཕ་ཡུལ་དྲིལ་སྒྲོག་བྱེད་པའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ཡོད།             

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号