མཚོ་བྱང་ཁུལ་གྱིས་ནོར་ལུག་གསོ་ཁ་ནས་བུད་པའི་བྱ་དགའི་ཁ་གསབ་མ་དངུལ་སྒོར་བྱེ་བ་གཉིས་དང་འབུམ་ལྔ་དོན་འཁྱོལ་བྱས།



ད་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རོང་འབྲོག་པ་དང་དབུལ་ཐར་མང་ཚོགས་ལ་ཡོང་འབབ་འཕར་སྣོན་བྱ་རྒྱུར་སྐུལ་འདེད་གཏོང་བའི“སྐོར་གཅིག་ཅན་དྲུག”གི་མཁྲེགས་གཏོར་བྱ་སྤྱོད་ལ་དམ་པོར་དམིགས་ནས། ནོར་ལུག་གསོ་ཁ་ནས་ཕྱིར་བུད་པར་བྱ་དགའ་སྟེར་བ་སོགས་ཀྱི་ཡོང་འབབ་འཕར་སྣོན་བྱ་ཐབས་བཏོན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། ཟླ9པའི་ཚེས19ཉིན་བར་མཚོ་བྱང་ཁུལ་གྱི་ནོར་ལུག་གསོ་ཁ་ནས་བུད་ཚད་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དགུ་སྟོང་བརྒྱད་ལྷག་ཟིན་ལ། ནོར་ལུག་གསོ་ཁ་ནས་བུད་པའི་ཕྱུགས་ཟོག་འབུམ་གསུམ་དང་ཁྲི་གཉིས་སྟོང་ལྔ་དགུ་བརྒྱ་ལ་བྱ་དགའ་བྱིན་པ་དང་། བྱ་དགའི་ཁ་གསབ་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བརྒྱད་ཁྲི་གཅིག་སྟོང་གསུམ་དགུ་བརྒྱ་བྱིན་ཡོད།

མཚོ་བྱང་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ནོར་ལུག་གསོ་ཁ་ནས་འབུད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱ་ཆེད། ཁུལ་དང་རྫོང་གིས《2024ལོའི་མཚོ་བྱང་ཁུལ་གྱིས་ཁུལ་ཁོངས་ཀྱི་ནོར་ལུག་གསོ་ཁ་ནས་བུད་པར་བྱ་དགའི་ཁ་གསབ་བྱ་ཐབས》སོགས་ཀྱི་བྱ་ཐབས་བཟོས་ནས་བཏོན་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་ནོར་ལུག་གསོ་ཁ་ནས་བུད་པའི་བྱ་དགའི་ཁ་གསབ་མ་དངུལ་སྒོར་བྱེ་བ་གཉིས་དང་འབུམ་ལྔ་དོན་འཁྱོལ་བྱས། ཡུལ་ཚོ་དང་གྲོང་རྡལ་སོ་སོས་ཞིང་ལས་ལག་རྩལ་མི་སྣ་སོགས་རྩ་འཛུགས་བྱས་ནས་ཕྱུགས་རའི་ཁྱིམ་ཚང་དུ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ། སྔ་ཙམ་ནས་གསོ་ཁ་ནས་ཕྱིར་འབུད་དུ་འཇུག་པ་དང་མགྱོགས་མྱུར་སྒོས་གསོ་ཁ་ནས་ཕྱིར་འབུད་པ། གསོ་ཁ་ནས་ཕྱིར་འབུད་ཚད་མང་ཙམ་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། སྤྱིལ་ཁང་གི་སྒྲིག་ཆས་དང་གཟན་རྩྭའི་ལེགས་ཆར་བརྟེན་ནས་ནོར་རའི་ཕྱུགས་གསོའི་གཞི་ཁྱོན་ཆེ་རུ་བཏང་སྟེ། གསོ་ཁ་ནས་ཕྱིར་འབུད་དགོས་པའི་ཕྱུགས་རིགས་ཚང་མ་གསོ་ཁ་ནས་ཕྱིར་འབུད་པར་ཁག་ཐེག་བྱས།

“832”ལས་སྟེགས་ལ་བརྟེན་ནས་སྐམས་ཤ་དང་ལུག་ཤ་ཐད་ཚོང་ལས་ཁུངས་སོགས་ལས་ཁུངས་ཀྱི་ཟ་ཁང་དང་སྡེ་ཁུལ། ཉོ་ཚོང་ཁྲོམ་ར་བཅས་ལ་ཐད་ཀར་མཁོ་འདོན་བྱས། དེ་དང་ཆབས་ཅིག ཁ་གཏད་རོགས་སྐྲུན་ལས་ཁུངས་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་ཡུན་རིང་ལ་བརྟན་པའི་འཛད་སྤྱོད་རོགས་སྐྱོར་གྱི་རོགས་ལས་འབྲེལ་བ་བཙུགས་ཏེ། མངག་ཐོའི་རྣམ་པའི་ཐོན་སྐྱེད་དང་ཉོ་རྒྱུ་ཁས་ལེན་སོགས་ཀྱི་རྣམ་པའི་ཐོག་ནས་སྐམས་ཤ་དང་ལུག་ཤ་འཛད་སྤྱོད་ནང་ཞུགས་པ་དང་། སྐམས་ཤ་དང་ལུག་ཤ་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་སྐམས་ཤ་དང་ལུག་ཤ་ཏུན2000ཕྱིར་ཚོང་བྱ་རྒྱུ་ཡོངས་འགྲུབ་བྱས། ཁུལ་ནང་ཁུལ་གྱི་ཁེ་ལས་གཙོ་བོའི་སྣེ་ཁྲིད་བྱས་པ་བརྒྱུད“ཁེ་ལས་གཙོ་བོ་དང་མཉམ་ལས་རྩ་འཛུགས། རྟེན་གཞི། ཞིང་བ་ཁྱིམ་ཚང”བཅས་ཟུང་དུ་འབྲེལ་བའི་མངག་ཐོ་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ནོར་ལུག་ཐོན་རྫས་ཀྱི་ཁྲོམ་ར་གསར་འབྱེད་བྱས། ཧུར་ཐག་གིས་ཡུལ་དངོས་དང་་དྲ་ཐོག་ཏུ་ཕྱིར་ཚོང་བྱེད་རྒྱུ་ཁྱབ་སྤེལ་བྱས་ནས། ཕྱུགས་ལས་ཐོན་རྫས་ཕྱིར་ཚོང་བྱེད་པའི་ཐབས་ལམ་སྔར་ལས་རྒྱ་ཆེར་བཏང་།

གཞན་ཡང་། ཁུལ་དང་རྫོང་གི་ཞིང་ཕྱུགས་དང་བསྡོམས་རྩིས། བརྟག་དཔྱད་རུ་ཁག་གིས་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་གཞི་གྲངས་དང་རོང་འབྲོག་པའི་ཡོང་འབབ་གཞི་གྲངས་སྦྲེལ་མཐུད་དང་ཞིབ་བསྡུར་ལ་དམ་པོར་དམིགས་ཏེ། མཛུབ་ཁྲིད་ཚན་ཆུང་བཙུགས་ནས་དུས་ཐོག་ཏུ་ཞིབ་བཤེར་མཛུབ་ཁྲིད་བྱས་པ་མ་ཟད། ས་ཚིགས་རྫོང་དུ་བསྐྱོད་ནས་མིག་སྔའི་ཞིང་སྡེའི་ཡུལ་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་དེ་མིན་ནོར་ལུག་གསོ་ཁ་ནས་འབུད་པའི་བྱ་བའི་ཐད་གནས་པའི་གནད་དོན་དང་ཞིབ་བསྡུར་བྱས་ཏེ། དུས་ཐོག་ཏུ་ཐབས་ཇུས་བཏོན་ནས་ནོར་ལུག་གི་ཚོང་ཟོག་བྲིན་པོ་མེད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། ས་ཚིགས་རྫོང་སོ་སོའི་ནོར་ལུག་གསོ་ཁ་ནས་འབུད་པའི་བྱ་དགའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ་བྱ་དགའི་ཁ་གསབ་སྔ་མོ་ནས་དོན་འཁྱོལ་ཐུབ་པ་བྱ་རྒྱུའི་སྐུལ་མ་བཏང་།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号