མཚོ་བྱང་གིས་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བའི་བྱེད་སྒོ་སྤེལ།

   ཟླ8པའི་ཚེས3ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་སྔོན་དུ། མཚོ་བྱང་ཁུལ་གྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པའི་བྱེད་སྒོ་སྤེལ་ལ། སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་དྲན་གསོ་ཞུས་ནས་སྔོན་གཤེགས་དཔའ་བོར་མྱ་ངན་དང་དད་གུས་ཚད་མེད་བྱས། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པ་དང་ཞིང་ཆེན་གྱི་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པའི་མགོ་ཁྲིད་ལྷན་རྒྱས། མཚོ་བྱང་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད། མཚོ་བྱང་ཡན་ལག་དམག་ཁུལ་གྱི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཐད་གཏོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་ཁག་ཅིག མདའ་བཞི་རྫོང་གི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི་བཅས་བྱེད་སྒོར་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཆོད་འབུལ་མཛད་སྒོ་གཙོ་སྐྱོང་གནང་།

   སྔ་དྲོའི་ཆུ་ཚོད08:30སྟེང་། མདའ་བཞི་རྫོང་གི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཁང་དུ་མཆོད་འབུལ་བྱེད་སྒོ་དངོས་སུ་མགོ་བརྩམས། སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་རྔམ་བརྗིད་ལྡན་པའི་ངང་ཀྲོང་ངེར་འགྱིང་ཡོད། མི་སྣ་ཡོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་དུ་གྲལ་འགྲིག་པོའི་ངང་འགྱིང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་རྗེས་མི་སྣ་ཡོངས་ཀྱིས་མཚོ་བྱང་བཅིངས་འགྲོལ་བྱ་གཞག་དང་འཛུགས་སྐྲུན་བྱ་གཞག་ལ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་ཤིང་། ལོ་ཆུང་གདོང་ལེན་རུ་མིས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པའི་གླུ་དབྱངས་བླངས་ཏེ། མི་རབས་གསར་པའི་རྒྱུན་འཛིན་པའི་སྤྲོ་སྣང་ཡར་བརྩོན་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར། གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཆོད་སེམས་བརྟན་པོ་ལྷག་བསམ་རྣམ་དག་ངང་མཚོན་པར་བྱས། 

   ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པའི་ཚོགས་གཙོའམ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་ཆིན་དབྱི་ཀྲི་དང་མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པའི་ཚོགས་གཙོའམ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གཉིས་ཀྱིས་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་གུས་འདུད་ཞུས་པ་དང་གོས་ཐག་ལེགས་སྒྲིག་བྱས་ལ་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་གཟིགས། མཆོད་འབུལ་བྱ་འགུལ་དུ་ཞུགས་པའི་ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་དག་གིས་ལག་ཏུ་མེ་ཏོག་བཟུང་ཞིང་བླ་ན་མེད་པའི་གུས་འདུད་ཞུ་བའི་སེམས་ཁམས་ཀྱིས་དལ་བར་མདུན་དུ་བསྐྱོད་དེ་གོ་རིམ་བཞིན་མེ་ཏོག་ཕུལ་བ་དང་། སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མཇལ་ཏེ། སྔོན་གཤེགས་དཔའ་བོར་མྱ་ངན་ཟབ་མོ་བྱས་ནས་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཞུ་བའི་བརྩེ་སེམས་མཚོན་པར་བྱས་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号