མཐོ་འབྲིང་སློབ་མའི་བོད་སྐད་ཡིག་གི་རྩོམ་ཡིག་འབྲི་སྟངས་སྐོར་རགས་ཙམ་གླེང་བ།

ཟླ་བ་སྒྲོལ་མ། བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།

སྔོན་འགྲོའི་གཏམ།

འདིར་སྐད་ཡིག་སློབ་ཁྲིད་ཀྱི་ལས་ལ་གཞོལ་བ་པོ་འུ་ཅག་ལ་བལྟས་ན། རང་གི་འཁྲིད་བྱའི་ཡུལ་སློབ་མའི་རྒྱུད་ལ་སྐད་ཡིག་འབྲི་ཀློག་ཉན་བཤད་ཀྱི་ནུས་པ་སྲ་ཏག་ཏག་ཅིག་སྐྱེད་བསྲིང་བྱ་ཐུབ་ཚེ། བྱེད་པོ་གང་དེའི་སྐད་ཡིག་སློབ་ཁྲིད་དེ་ལེགས་འགྲུབ་བྱུང་བ་ཡིན་ལ། དཔྱད་རྩོམ་འདིར་ཡང་སློབ་མའི་འབྲི་ཀློག་ཉན་བཤད་ལས། སློབ་དཔོན་འཕགས་པ་ལྷས། “གང་ཞིག་འདོན་དང་འབྲི་དང་སྤྱོད་པ་དང་།། གཞན་ལ་འདྲི་ཞིང་ཐོས་པ་འཛིན་བྱེད་པ།། དེ་ཡི་བློ་ནི་ཉི་མའི་འོད་ཟེར་གྱིས།། པདྨ་བཞིན་དུ་རྣམ་པར་ཁ་འབྱེའོ།། ”ཞེས་གསུངས་པ་བཞིན། གཤམ་དུ་ཁོ་བོས་མཐོ་འབྲིང་སློབ་མའི་བོད་སྐད་ཡིག་གི་རྩོམ་ཡིག་གི་བརྗོད་བྱའི་དོན་དང་། རྗོད་བྱེད་ཀྱི་ཚིག་སྦྱོར། དེ་མཛེས་པར་བྱེད་པའི་ཡིག་གཟུགས་བཅས་ཀྱི་གལ་འགངས་རང་བཞིན་དང་། དེ་དག་ལ་ཡིད་འཇོག་དང་སྦྱོང་བརྡར་ཇི་ལྟར་གནང་ན་བཟང་རབས་རིམ་པ་བཞིན་དུ་གླེང་བར་བྱ།

དང་པོ། བརྗོད་བྱ་ནང་གི་ནོར་བུ།

ཐོག་མར། རྩོམ་ཡིག་གི་བརྗོད་བྱ་བཤད་པར་བྱ་བ་ལ། གང་དེའི་གལ་ཆེན་རང་བཞིན་ནི། ཇི་སྐད་དུ་རྗེ་བཙུན་ས་པཎ་གྱིས།“སྲོག་གི་དབང་པོས་མ་ཞུགས་ན།། མི་རོ་བཟང་ཡང་སུ་ཞིག་ལེན།།” ཞེས་དང་། བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བལས“རྒྱལ་བ་ཉིད་ཀྱིས་གསུང་རབ་བསྔགས་པ་ན།། དོན་བཟང་བ་དང་ཚིག་འབྲུ་བཟང་པོ་ཞེས།། ”གསུངས་པ་ལྟར་ཤིན་ཏུ་གལ་ཆེ་ཞིང་། གལ་ཏེ་རྩོམ་ཡིག་གི་བརྗོད་བྱ་དེ་ཅི་ཞིག་བྲི་དགོས་མིན་དང་བྲིས་ཡོད་མིན་འབྲི་བ་པོ་སོ་སོ་ལ་ཡང་ངེས་ཤེས་གསལ་པོ་ཞིག་མ་བྱུང་ཚེ། འདྲེ་ཤར་སྒོའི་ཕྱོགས་སུ་གནས་བཞིན་དུ་གླུད་ནུབ་སྒོའི་ཕྱོགས་སུ་གཏོང་ཉེན་ཆེ་བས། དེ་ལྟར་འབྲི་མཁན་དང་ལྟ་མཁན་གཉིས་ཀ་ཤ་ཁྱི་ལག་པ་ཚ་རོགས་དང་། ཇོ་ལགས་སྐུ་ཐང་མཉེལ་རོགས་ཀྱི་དཔེ་རུ་མི་འགྲོ་སླད། རང་གི་མྱོང་བ་དངོས་ལ་སྦྱར་ནས་བརྗོད་ན། གཅིག་ནས། སློབ་མའི་ཐོས་པའི་སྒོ་མོ་དབྱེ་རྒྱུ་སྟེ། སློབ་མར་སློབ་དུས་རེ་ལ་བོད་སྐད་ཡིག་དང་འབྲེལ་བའི་སློབ་ཕྱིའི་དེབ་རེ་བཀླག་རྒྱུའི་ལས་བྱ་བཀོད་སྒྲིག་བྱེད་པ་ལས། ལོ་རིམ་དང་པོའི་སྐབས་སུ་ཚིག་སྦྱོར་དཀའ་སླ་དང་། སློབ་མའི་དཔེ་ཀློག་གི་དང་བ་འདྲེན་སླད། དགེ་རྒན་གྱིས་འོས་སྦྱོར་བྱས་པའི་བརྩམས་སྒྲུང་དཔེ་ཀློག་བྱ་བ་དང་། ལོ་རིམ་གཉིས་པ་ནས་བཟུང་། སོ་སོའི་དགའ་ཕྱོགས་ལ་གཞིགས་ནས་དཔེ་ཀློག་བྱ་རྒྱུ། དེ་ཙམ་དུ་མ་ཟད་སློབ་སྐབས་ཀྱི་མཇུག་ཏུ་བཀླགས་ཟིན་པའི་མྱོང་བ་དག་ཡིག་ཐོག་ལ་ཕབ་ཅིང་། དེ་དག་ལས་ཅུང་ལེགས་པ་འགའ་ངོ་སོ་བསྟོད་པ་དང་སྦྲགས་སློབ་མ་གཞན་རྣམས་ལ་ངར་ཤ་བསླང་ཕྱིར། སློབ་མ་མང་པོ་ཚོགས་སར་མཉམ་སྤྱོད་བྱ་རྒྱུ། གཉིས་ནས། སློབ་མའི་བསམ་གཞིག་གི་ནུས་པ་གསོ་རྒྱུ་སྟེ། ནམ་ཞར་སློབ་ཁྲིད་ཁྲོད་དུ་དགེ་རྒན་གྱིས་ཁྲིད་རྐྱང་མ་ཡིན་པར། སློབ་མ་རྣམས་ལ་བསམ་གཞིག་གི་བགོ་བསྐལ་དང་། རེ་བ། སྐུལ་ལྕག་རྟག་ཏུ་གནང་བ་གཞིར་བྱས། རང་ཀློག་གི་སློབ་ཚན་གྱི་ནང་དོན་དག་དགེ་རྒན་གྱི་མཛུབ་སྟོན་འོག་དྲི་བའི་ལམ་ནས་སློབ་མ་སོ་སོར་དབྱེ་ཞིབ་བྱེད་དུ་འཇུག་པ། གསུམ་ནས། ཟླ་བ་རེ་རེའི་སྐབས་སུ། དཀའ་སླ་འཚམ་ཞིང་མང་ཉུང་རན་པའི་དཔྱད་གཞི་སྟེ། མཁས་པའི་གསུང་རྩོམ་དུམ་བུ་དུམ་བུ་དང་། དམ་པའི་ལེགས་བཤད་རེ་ཟུང་། སྐད་བརྡའི་ཉིང་བཅུད་གཏམ་དཔེ་སོགས་ལུང་དུ་དྲངས་ཏེ། དེ་དག་ལ་བསམ་གཞིག་བྱེད་པ་དང་སྦྲགས་རང་གི་འདོད་ཚུལ་མཚོན་ཐུབ་པའི་རྩོམ་ཡིག་བྲི་རྒྱུ་ལ་སོགས་པའི་ཐབས་མཁས་ཀྱི་སྤྱོད་པས་སྦྱོང་བརྡར་གནང་རྒྱུ་ལྷག་ཏུ་གལ་ཆེ་སྙམ།

གཉིས་པ། རྗོད་བྱེད་ཕྱི་ཡི་རི་མོ།

རྗོད་བྱེད་ཚིག་སྦྱོར་སྤེལ་ཐབས་བཤད་པ་ལ། གང་དེའི་གལ་ཆེའི་རང་བཞིན་ནི། ཇི་སྐད་དུ་རྗེ་བཙུན་ཙོང་ཁ་པ་ཆེན་པོས“ཤིན་ཏུ་དཀར་བའི་ཁང་བཟང་ལའང་།། བསིལ་ཟེར་བྱེད་པའི་འོད་ཀྱིས་བྱུགས་པ་བཞིན།། དོན་བཟང་བ་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས།། སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར།། ”ཞེས་པ་ལྟར། རྗོད་བྱེད་ཀྱི་ཚིག་སྦྱོར་འཁྲུག་པ་ར་མགོ་ལུག་སྦྱར། གོ་རིམ་འཕྱུག་པ་ལྷམ་རྗེས་དོར་གྱོན། གཙོ་ཕལ་འཛོལ་བ་ཉ་ཉུང་མཉམ་བསྲེས་ཤིག་མ་ཡིན་པར། རྣ་ལ་སྙན་ཞིང་འཇེབས་པ། ངག་ལ་དག་ཅིང་བདེ་བ། ཡིད་ལ་རིག་ཅིང་གསལ་བ་ཞིག་བྱུང་ན་བརྗོད་བྱ་སྟོན་པར་ཕན་པ་ཤིན་ཏུ་ཆེ་བས། དེ་དག་ཀྱང་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས“གྲོག་མཁར་དང་ནི་སྦྲང་རྩི་ལྟར།། ཟླ་བ་ཚེས་པ་ཡར་གྱི་ངོ་།། རྒྱལ་པོའི་ནོར་དང་སྤྲང་པོའི་ནོར།། ཅུང་ཟད་ཅུང་ཟད་བསགས་པས་འཕེལ།།”ཞེས་པ་ལྟར། ཉིན་རེའི་ཆུ་རྒྱུན་བཞིན་གྱི་རྩོལ་བ་ལ་བརྟེན་ནས་རིམ་གྱིས་མང་དུ་གསོག་པར་འབད་དགོས། འོ་ན་དེ་ཇི་ལྟར་བྱའམ་ཞེ་ན། དེ་ཡང་རང་གི་མྱོང་བ་དངོས་ལ་སྦྱར་ནས་བརྗོད་པ་ལ། གཅིག རྟོག་འཆར་འབྲི་རུ་འཇུག་པ། འདི་ནི་མ་གཞི་གཟའ་ཐོའི་རྣམ་པ་ཞིག་རེད་མོད།འདིར་རྟོག་འཆར་དུ་བཏགས་དོན། འདིའི་བརྗོད་གཞི་ངེས་པར་གཟའ་འཁོར་རེའི་དོན་དག་ཇི་བཞིན་བྲི་རྒྱུ་ཞིག་མ་ཡིན་པར། ཅུང་ཟད་གུ་ཡངས་ཀྱི་ཚུལ་དུ། རྩོམ་སྟངས་དང་རྩོམ་ལུས་རང་མོས་ཡིན་ཁར། བརྗོད་གཞི་རང་གི་རྟོག་པ་ལ་ཅི་ཞིག་འཆར་བའམ་ནང་སེམས་ཀྱི་འགྱུར་བ་ཅི་ཡིན་པ་ཚང་མ་ཡིག་ཐོག་ཏུ་བཀོད་ཆོག འདིའི་ཕན་པ་ནི་ཕྲད་རྣམ་དབྱེའི་སྒྲ་སྦྱོར་དང་ཡི་གེའི་དག་ཆ། ཚིག་གི་སྦྱོར་བ་སྤེལ་ཐབས་སོགས་ཡར་རྒྱས་འགྲོ་བ་ལ་སྦྱོང་བརྡར་ཐོབ་ཅིང་། ཡིད་འཇོག་གནང་དགོས་པ་ལ། ལོ་རིམ་དང་པོའི་སྐབས་སུ་གཙོ་ཆེར་གོམས་གཤིས་གསོ་རྒྱུ་ཡིན་པས། རྟོག་འཆར་གྱི་ཡིག་འབྲུའི་མང་ཉུང་ལ་ཚད་བཀག་མེད་ཅིང་། ལོ་རིམ་གཉིས་པའི་སྐབས་སུ་ཡིག་འབྲུའི་གྲངས་ལ་ངེས་པར་ཚད་གཞི་བཟོ་དགོས་པ། གཞན་རྟོག་འཆར་གྱི་ཚིག་སྦྱོར་སྤེལ་ཐབས་ལ་བཟོ་བཅོས་ཕྲན་བུ་བྱ་བ་ལས། ཕྲད་ཀྱི་སྦྱོར་ཚུལ་དང་ཡི་གེའི་དག་ཆ་ནོར་བ་རྣམས་ལ་རྟགས་བཀོད་རྗེས་སློབ་མ་སོ་སོས་ཚིག་མཛོད་བསྔོགས་ནས་འཆོས་རྒྱུ། དེ་ཡང་ཇི་སྐད་དུསྤྱོད་འཇུགལས“གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །”ཞེས་པ་བཞིན་ཐོག་མར་ཅུང་དཀའ་ཡང་། རྗེས་སུ་བྱང་ན་ཤིན་ཏུ་ཕན་ཆེ་བར་འདུག་སྙམ། གཉིས། བསླབ་གཞི་ན་ཡོད་པའི་མཁས་པའི་ལེགས་བཤད་བྱིན་ཅན་དག་དང་། གཏམ་དཔེ་མར་ཁུ་འདྲ་བ་དེ་དག་བློར་འཛིན་རྒྱུ་དང་། དེའི་ཕན་པ་ནི་ལེགས་བཤད་དང་གཏམ་དཔེ་དེ་དག་རང་གི་རྩོམ་ཡིག་ནང་ལུང་གི་རྒྱབ་རྟེན་དུ་འདྲེན་ཐུབ་ཚེ། དེས་ཚིག་གི་སྦྱོར་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་ལ་ལྟག་ཆུའི་ནུས་པ་ལྟ་བུ་ཞིག་གདའ་སྙམ། གསུམ། དགེ་རྒན་རང་ངོས་ནས་སློབ་ཁྲིད་ཀྱི་སྐབས་སུ་རྣམ་ཀུན་ནོར་སླ་བ་དང་འཁྲུལ་སླ་བའི་བརྡ་རྟགས་དང་། སློབ་ཚན་དང་འབྲེལ་ཆེ་བའི་སློབ་ཕྱིའི་ལེགས་བཤད་དང་གཏམ་དཔེ། དཔེ་ཆོས་དང་བཅས་པ་སྒོ་སམ་ངོས་སུ་བྲི་བ་སོགས་ལའང་སྣང་འཇོག་གནང་རྒྱུ་འགངས་ཆེ་བར་སྣང་།

གསུམ་པ། ཡིག་གཟུགས་གཡང་རྩེའི་ཡལ་སྒྲོན།

ཡིག་གཟུགས་ཇི་ལྟར་མཛེས་ཐབས་བཤད་པ་ལ། ཨ་ལག་ཤ་བསྟན་དར་ལྷ་རམ་པས། “མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན།། སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན།། རྩོད་ལ་མཁས་ཀྱང་སུག་བྲིས་མི་འབྱོར་ན།། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།།”ཞེས་གསུངས་པ་ལྟར་ཡིག་གཟུགས་ནི་ཤིན་ཏུ་གལ་ཆེ་ཞིང་། བརྗོད་བྱ་རྗོད་བྱེད་དེ་ཡག་པོ་ཡོད་ཁར་ཡིག་གཟུགས་འདི་ཡང་དབྱར་སྐྱེས་སྤང་གི་མེ་ཏོག་ཇི་བཞིན་མིག་ལ་མཛེས་ཤིང་ཡིད་ལ་བདེ་བ་ཞིག་བྱུང་ན། གཡང་རྩེའི་སྟེང་གི་ཡལ་སྒྲོན་དང་། གོས་ཆེན་སྟེང་གི་ཕར་ཆེན་གྱི་དཔེ་རུ་འགྲོ་བས། སློབ་མ་ལ་ཡིག་གཟུགས་ཀྱི་ཕན་པ་དང་གལ་ཆེན་བརྗོད་ནས་དེ་སྦྱང་བར་སྐུལ་བ་ལ། རང་གི་མྱོང་བ་དངོས་ལ་སྦྱར་ནས་བརྗོད་ན། གཅིག སློབ་མའི་ཆ་རྐྱེན་ལ་གཞིགས་ནས་བྱང་ཤིང་དང་ཡིག་གཟུགས་སྦྱོང་དེབ་ཐོག་ཏུ་ཡིག་གཟུགས་སྦྱང་བའི་བླང་བྱ་འདོན་པ། གཉིས། གཟའ་འཁོར་རེའི་གཟའ་ཐོའམ་རྟོག་འཆར་འབྲི་སྐབས་ལྕང་གསར་ཆུང་དུས་འདྲོངས་ན་ལེགས་པའི་དཔེ་བཞིན། ལོ་རིམ་དང་པོ་ནས་ཡིག་གཟུགས་ལ་དོ་སྣང་བྱེད་པའི་འདུ་ཤེས་གསོ་བ། གསུམ། སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་གྱིས་སློབ་མའི་ཡིག་གཟུགས་ལ་མིག་དཔེ་དང་ལད་མོ་ཡོང་ཕྱིར། ངེས་པར་ནག་པང་ངོས་སུ་ཆེ་ཆུང་སྙོམས་པ། གྲལ་རིམ་སྒྲིག་པ། ནག་ནོག་དབེན་པའི་ཡི་གེ་ཁ་ཞོར་ལག་ཞོར་ལ་བྲི་རྒྱུ་སོགས་ཀྱང་ཤིན་ཏུ་གལ་ཆེ་བར་འདུག་སྙམ།

མདོར་ན། སློབ་མའི་བོད་སྐད་ཡིག་གི་རྩོམ་འབྲིའི་ནུས་པ་ནི་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་བརྟག་ཐབས་ལེགས་ཤོས་ཤིག་ཡིན་པས། ཡིད་འཕྲོག་ལྷ་མོ་ཟིན་ན། གཡུ་ཆུང་ལས་ཀྱིས་འཁོར་འོང་བའི་དཔེ་ཇི་བཞིན་སློབ་མའི་རྩོམ་འབྲིའི་ནུས་པ་དེ་ཡག་པོ་ཞིག་གསོ་སྐྱོང་བྱ་ཐུབ་ཚེ། བོད་སྐད་ཡིག་གི་སྤྱིའི་རྨང་གཞི་དང་ཡིག་རྒྱུགས་ཀྱི་སྐར་གྲངས་ཀྱང་ཞོར་ལ་ཡར་རྒྱས་འགྲོ་ངེས་པས། གོང་དུ་སོང་ཟིན་པའི་བརྗོད་བྱའི་དོན་དང་། རྗོད་བྱེད་ཚིག་སྦྱོར། ཡིག་གཟུགས་ཀྱི་སྐོར་ལ་སྣང་འཇོག་མཛད་པ་ལས། གཞན་ད་དུང་རྩོམ་གྱི་སྒྲིག་གཞི་དང་། ཤོག་ངོས་ཁམས་གཙང་། དཔྱད་གཞི་ཁུངས་ལུང་འདྲེན་སྟངས་སོགས་ལའང་ཡིད་འཇོག་དང་སྦྱོང་བརྡར་དགོས་པ་བཅས། གང་དེ་དག་ནི་ང་རང་གི་སློབ་ཁྲིད་དངོས་ལས་ཐོབ་པའི་མྱོང་བ་དང་སློབ་མའི་སྐད་ཡིག་གི་རྨང་གཞིར་བཟུང་ནས་བྲིས་པ་ཞིག་ཡིན་པས། བརྗོད་བྱ་རྗོད་བྱེད་ཟུང་ལ་མ་རྟོགས་དང་། ལོག་རྟོག འཁྲུལ་བའི་སྐྱོན་གྱིས་འབགས་སྲིད་པས། མཁྱེན་ལྡན་རྣམ་པས་མ་གསང་བདེན་གཏམ་གྱི་འདབ་བརྒྱ་ལྷུག་གྲོལ་མཛོད་ཅིག་ཀྱེ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号