མཚོ་ལྷོའི་བྲིས་པ་ཀུན་བཟང་དོན་གྲུབ་ཀྱི«བྲིས་ལ་བཀྲི་ཚུལ་བློ་ལྡན་དགྱེས་པའི་འཇུག་ངོགས»ཀྱི་དཔེ་སྐྲུན་འགྲེམ་སྤེལ་ཚོགས་འདུ་བསྡུས་པ།

2024ལོའི་ཟླ6པའི་ཚེས29ཉིན་གྱི་ཕྱི་དྲོར། མཚོ་ལྷོའི་བྲིས་པ་ཀུན་བཟང་དོན་གྲུབ་ཀྱི«བྲིས་ལ་བཀྲི་ཚུལ་བློ་ལྡན་དགྱེས་པའི་འཇུག་ངོགས»ཀྱི་དཔེ་སྐྲུན་འགྲེམ་སྤེལ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་དུ་བསྡུས། ཐེངས་འདིའི་ཚོགས་འདུར་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་། ཡིག་མཁན་ཆེན་མོ་མི་ཕམ་རྣམ་རྒྱལ། མཚོ་སྐྱེས་དོན་གྲུབ་ཚེ་རིང་། རེབ་གོང་བ་མཁར་རྩེ་རྒྱལ། ཟུར་གཙང་གཡང་འབུམ། ཀུན་བཟང་རྡོ་རྗེ། འབའ་ཚེར་རྟ་རྡོ་སོགས་བྲིས་པ་སུམ་ཅུ་ལྷག་ཞུགས་ཤིང་། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་མི་རྣམ་སྤྲུལ་སྐུ། མཚོ་སྐྱེས་དོན་གྲུབ་ཚེ་རིང་སོ་སོ་ནས་བྲིས་རྒྱུན་གྱི་ཁུངས་དག་པ་དང་གསོ་སྐྱོང་གི་རྒྱུན་རིང་བ། དཔེ་དེབ་ཀྱི་སྤུས་དག་པའི་ཐད་ནས་གསུང་བཤད་གྱ་ནོམ་པ་གནང་།

འགྲེམ་སྤེལ་ཚོགས་འདུའི་ཡུལ་དངོས།

འགྲེམ་སྤེལ་ཚོགས་འདུའི་ཡུལ་དངོས།

«བྲིས་ལ་བཀྲི་ཚུལ་བློ་ལྡན་དགྱེས་པའི་འཇུག་ངོགས»ཞེས་པའི་དེབ་འདི་ནི2024ལོའི་ཟླ6པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཏུ་བསྐྲུན་ཅིང་། འདི་ནི་ཀ་ཁ་དང་། ཟློས་ཧྲལ། ཚུགས་རིང་། ཚུགས་ཐུང་། ཚུགས་ཆུང་། ཚུགས་མ་འཁྱུག། འབྲུ་ཚ། ལོ་ཆེན་ཡི་གེ་བཅས་ལེའུ་བརྒྱད་དང་ནང་དོན་དྲུག་གིས་གྲུབ་པའི་དེབ་ཅིག་ཡིན་ཞིང་། ལེའུ་སྔ་མ་གསུམ་ནི་དབུ་མེད་ཡིག་གཟུགས་སྦྱོང་བརྡར་གྱི་རྨང་གཞི་དང་། གོ་རིམ་ཆེས་གལ་ཆེ་ཤོས་དང་རྩ་བར་གྱུར་བའི་ནང་དོན་ཡིན། ལེའུ་བཞི་པ་དང་ལྔ་པ་གཉིས་ནི་རྨང་གཞི་མཐོར་འདེགས་དང་། ལེའུ་དྲུག་པ་ནི་འཁྱུག་གི་སྔོན་འགྲོ། ལེའུ་བདུན་པ་ནི་ཡིག་གཟུགས་སློབ་གཉེར་བའི་ཡིད་ཀྱི་དང་བ་འདྲེན་པའི་གཟུགས་ཤིག་དང་། ལེའུ་བརྒྱད་པ་ནི་མཛེས་ཚོར་རང་བཞིན་གྱི་ཁྱད་དུ་འཕགས་པའི་ཡིག་གཟུགས་ཤིག་ཡིན།

དེབ་གསར«བྲིས་ལ་བཀྲི་ཚུལ་བློ་ལྡན་དགྱེས་པའི་འཇུག་ངོགས»ཞེས་པ།

དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོས་རྩོམ་པ་པོར་རྟེན་འབྲེལ་གྱི་ཁ་བཏགས་བསྒྲོན་བཞིན་པ།

དེབ་འདིར་ཚུགས་ཆུང་འབུར་དུ་ཐོན་པར་བྱས་ཐོག«ཐོན་མིའི་བཞད་སྒྲ»གཞིར་བཟུང་སྟེ་བཀླག་ཏུ་རུང་བའི་ཡི་གེའམ་རྒྱུགས་ཆེ་བའི་ཡི་གེ༤༠༥༣ཡོད་པ་འདི་བཞིན་དབྱངས་གསལ་དང་སྔོན་མིང་རྗེས་གསུམ་དང་། མགོ་འདོགས་བརྩེགས་གསུམ་རྣམས་དཀའ་སླའི་གོ་རིམ་ཇི་བཞིན་བྲིས་ཡོད་ལ་ནང་དོན་ཀུན་འདུས་དང། མ་ལག་ཆ་ཚང་ཞིང་འཐུས་སྒོ་ཚང་བ། ཡིག་གཟུགས་སྦྱོང་བརྡར་མཐོར་འདེགས་དང་། ནང་དོན་ལ་སླད་སྐྱོན་གྱི་དྲི་མས་མ་གོས་ཤིང་བློ་སྐྱེད་ཐོན་ནུས་པ། གཞན་དེབ་འདིར་ཆུངའབྲིང་སློབ་མ་རྣམས་ཀྱིས་དབུ་མེད་ཀྱི་ཡི་གེ་འབྲི་ཀློག་དང་ངོས་འཛིན། ཕྲལ་སྦྱོར་ཀློག། ཐ་སྙད་གསོག་འཇོག་བཅས་ལའང་ཕན་ནུས་ཀྱི་དགེ་མཚན་ཁྱད་པར་ཅན་བཅས་ཡོད་དོ། །

རྩོམ་པ་པོའི་ཡིག་གཟུགས་བརྩམས་ཆོས་སྣ་ཚོགས།

མཇུག་མཐར། རྩོམ་མཁན་གྱིས་པར་སྐྲུན་ཁང་དང་། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ། དཔེ་དེབ་པར་སྐྲུན་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་ཡོངས་ལ་བཀའ་དྲིན་ཞུས་ཤིང་། མཇུག་ཏུ་མཉམ་པར་བསྐྱོན་ནས་མཇུག་བསྡུས།

ཚོགས་ཞུགས་མཉམ་པར།

རྩོམ་པ་པོའི་ངོ་སྤྲོད།

གཅིག མཚམས་སྦྱོར་མདོར་བསྡུས།

ཀུན་བཟང་དོན་གྲུབ་ལགས་ནི་མཚོ་ལྷོ་ཁྲི་ཀར་སྐྱེས་ཤིང་། གུང་ཧོ་རྫོང་ཡིག་རིས་མཐུན་ཚོགས་ཀྱི་ཀྲུའུ་ཞི། མཚོ་ལྷོ་ཁུལ་ཡིག་རིས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་ཞིབ་འཇུག་ཚོགས་པའི་ལས་འཛིན། མཚོ་ལྷོ་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཨ་མདོའི་གཞུང་བྲིས་དཔེ་མཚོན་གྱི་རྒྱུད་འཛིན་པ། མདོ་སྨད་དུ་བོད་ཀྱི་སྤྱི་ཚོགས་དང་སློབ་གྲྭའི་ནང་སྦྱངས་ཤིང་གི་སྲོལ་རྒྱུན་ཁྲིད་ཐབས་ཐོག་མར་ཁྱབ་གདལ་གཏོང་མཁན་བཅས་ཡིན།
ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་བོད་སྐད་ཡིག་དང་། ཡིག་གཟུགས། སྒྲ་སྙན་གྱི་སློབ་ཁྲིད་བཅས་ཀྱི་ལས་འགན་ཁུར་ཡོད།    

གཉིས། བྱ་དགའི་གཟིགས་བཟོས།

2015ལོར། “གཟི་ཚ་སྡེ་དགུ་བུམ་པའི”ཀྲུང་གོ་ནུབ་རྒྱུད་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་སྟེང་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ།

2017ལོར། སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་སྟེང་བྱ་དགའ་རིམ་པ་དང་པོའི་མཚན་སྙན་བླངས།

གསུམ། འགྲེམ་སྟོན་བྱེད་སྒོ།

2017ལོར། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་བརྗོད་དོན་ཡིན་པའི་མི་སྒེར་གྱི་ཡིག་གཟུགས་བརྩམས་ཆོས་ཐོག་མ་མཚོ་ལྷོ་ཁུལ་དཔེ་མཛོད་ཁང་ནས་འགྲེམ་སྟོན་བྱས།

2019ལོར། “མེས་རྒྱལ་ལ་བཀྲག་མདངས་བྱུག”ཅེས་པའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་བཅུ་གསུམ་དུ་སྤེལ་བའི་ཡིག་གཟུགས་རྐོ་བྲིས་འགྲེམ་སྟོན་ལས་ཁྲུང་ཆིང་དང་ཀྲེ་ཅིང་གི་འགྲེམ་སྟོན་ཏུ་ཞུགས།

2020ལོར། མི་སྒེར་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཐེངས་གཉིས་པ་དེ་ཁུལ་དཔེ་མཛོད་ཁང་དུ་འགྲེམ་སྟོན་བྱས།

བཞི། ཡིག་གཟུགས་བརྩམས་ཆོས།

2021ལོར་ས་པཎ་མཆོག་གིས་མཛད་གནང་བའི«རོལ་མོའི་བསྟན་བཅོས»ཀྱི་ཤོག་དྲིལ་རིང་མོའི་ཡིག་གཟུགས་བརྩམས་ཆོས་ཆ་ཚང་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་ལ་ཕུལ་བ་དང་སློབ་གླིང་དེ་གའི་རིག་དངོས་རྟེན་མཛོད་ཁང་དུ་ཉར་ཚགས་གནང་ཡོད།

2022ལོར་ཁོས་རེ་ཞུ་ཞུས་པའི་ཨ་མདོའི་གཞུང་བྲིས་དེ་མཚོ་ལྷོ་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་དཔེ་མཚོན་ལས་གཞིའི་མིང་གཞུང་དུ་ཚུད། གཞན་ཡིག་གཟུགས་ཀྱི་བརྩམས་ཆོས་ལ«ལྷ་ས་དྲན་གླུ»དང«བོད་ཀྱི་ཡི་གེ་ལ་བསྔགས་པ་ལྷག་བསམ་སྤྲིན་གྱི་སྒྲ་དབྱངས» «བསྟོད་ཆེན་བཞི» «ཙོང་ཁ་པའི་རྣམ་ཐར་ཚིགས་བཅད་བཅུ་བདུན་པ» «ཁྲི་ཤོར་རྒྱལ་མོའི་གནས་བསྟོད་དྲང་སྲོང་དགྱེས་པའི་གླུ་དབྱངས»སོགས་ཡོད།

ལྔ། རྗེས་འཇུག་བུ་སློབ།

2013ལོ་ནས་ད་ལྟའི་བར་ཡིག་གཟུགས་དགའ་མོས་འཛིན་གྲྭ་ནས་ཐོན་པའི་སློབ་ཕྲུག467སྐྱེད་བསྲིང་གནང་བ་དང་། དེ་དག་ལས་ཁ་ཅིག་ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། ཡང་ཀྲིག་སློབ་ཆེན། ཐེན་ཅིན་ནོར་སྲིད་དང་དཔལ་འབྱོར་སློབ་ཆེན་ཁག་ལ་རྒྱུགས་འཕྲོད་པ་དང་། སློབ་གྲོགས་ཁ་ཤས་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号