དབུས་ལྷ་སའི་ལོ་རྒྱུས་ལས«ཉེ་འཁོར་གཞིས་ཁག»ཅེས་པ་པར་དུ་བསྐྲུན་པ།

ཉེ་ལམ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་གླང་རུ་ནོར་བུ་ཚེ་རིང་ལགས་ཀྱིས་བརྩམས་གནང་བའི་རྒན་རབས་ངག་རྒྱུན་ལས་འཕྲོས་པའི་དབུས་ལྷ་སའི་ལོ་རྒྱུས་ཕ་གཏམ་བུ་འཇགས་ཞེས་པའི་དཔེ་ཕྲེང་ལས«ཉེ་འཁོར་གཞིས་ཁག»ཅེས་པ་པར་སྐྲུན་འགྲེམས་སྤེལ་ཞུས་པ།

ནང་དོན་གནད་བསྡུས།

དཔེ་དེབ་འདི་ནི་རྩོམ་པ་པོས་ལས་ཞོར་དུ་རི་ལ་རི་རྒྱུད་དང་ས་གནས་ས་ཐོག་དངོས་སུ་བརྟག་དཔྱད་རིམ་པ་བྱས་ཐོག ཡིག་ཚང་རྙིང་པ་ལག་ཏུ་རྙེད་ཚད་ཞིབ་འཇུག་ནན་པོ་བྱས་པ་དང་། ལྷག་པར་དུ་རྒན་རྒོན་མྱོང་བ་ཅན་ཞལ་བཞུགས་རྣམ་པར་བཅར་འདྲི་ཞིབ་གསལ་ཞུས་ཏེ། གྲོང་ཁྱེར་ལྷ་སའི་ཉེ་འཁོར་གྱི་གྲོང་གསེབ་ལུང་ཚན་སོ་སོའི་ས་མིང་ཇི་ལྟར་ཐོགས་ཚུལ་དང་། ལོ་རྒྱུས་ཤོད་རྒྱུན། ཞིང་འབྲོག་ཐོན་སྐྱེད། འཇིག་རྟེན་མི་ཆོས། དམངས་ཁྲོད་སྒྱུ་རྩལ། རིག་རྩལ་བྱེད་སྒོ། ཨར་སྐྲུན་བཟོ་ལས། དུས་སྟོན་བྱེད་སྒོ། སྲོལ་རྒྱུན་ལག་ཤེས། ཡུལ་གོམས་གཤིས་ལུགས། སྐད་དང་ཆས་ལུགས། ཁྲལ་པ་དུད་ཚང་སོགས་ནང་དོན་རྒྱ་ཆེ་བ་ཡིག་ལམ་དུ་ཞིབ་པར་ཕབ་ཡོད་པས་གནའ་གྲོང་འདི་ཉིད་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཕྱིའི་ལྕགས་རི་ལྟ་བུའི་ཞིང་ཁུལ་གྱི་འཕོ་འགྱུར་དང་གནས་སྟངས་སྐོར་ལ་དོ་སྣང་གནང་མཁན་ཚོར་ཐུགས་ཕན་གསོས་ངེས་ཡིན།

དཔེ་དེབ་འདིར་རྩོམ་པ་པོས་ས་ཡུལ་དངོས་སུ་བསྐྱོད་དེ་ལྷ་སའི་ཉེ་འཁོར་གཞིས་ཁག་གི་ས་གནས་དངོས་རྣམས་དེང་རབས་ཀྱི་ལག་རྩལ་ལ་བརྟེན་ནས་ས་ཁྲའི་མཉེན་ཆས(高德地图)ལས་ལམ་སྟོན་ཐུབ་པའི་རྩ་གཉིས་བཤེར་རྟགས་བཟོས་ཡོད་པས་ཀློག་པ་པོ་རྣམ་པས་སྐད་འཕྲིན་སྤྱད་དེ་དཔེ་དེབ་ནང་གི་རྩ་གཉིས་བཤེར་བརྟག་བཤེར་ཚེ་ཡུལ་དངོས་ལ་ལམ་སྟོན་ཐུབ་པ་ཡིན།

རྩོམ་པ་པོ་ངོ་སྤྲོད།

གླང་རུ་ནོར་བུ་ཚེ་རིང་། ༡༩༧༨ལོའི་ཟླ༡ཚེས༡༩ཉིན་ལྷ་སའི་གྲོང་གསེབ་གླང་རུ་ཞེས་པར་ཕ་སྤེན་པ་དང་མ་བཀྲ་བཟང་གི་བུར་སྐྱེས། ༢༠༠༡ལོར་ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་ཚན་ཁག་ནས་མཐར་ཕྱིན་རྗེས་མཚོ་སྨད་རྫོང་དུ་ལས་དོན་བསྒྲུབས། ༢༠༠༧ལོར་ལྷ་སར་ལས་སྒྱུར་གྱིས་ད་ལྟ་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་སྲིད་ཁྲིམས་ཁྲུའུ་རུ་ལས་ཀ་བྱེད་མུས་ཡིན། ད་བར་གཞུང་འབྲེལ་ལས་ཀའི་ཞོར་སྔ་ཕྱིར«ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར»དང་། «ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་གསུང་འབུམ།» «གཏམ་ཤུལ་དགའ་ཐང་འབུམ་མོ་ཆེ་ནས་ཐོན་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས།» «ལྷ་སའི་དགོན་སྡེའི་དཀར་ཆག» «བོད་ས་གནས་ཀྱི་རྒྱལ་རབས་རིམ་བྱུང་དང་བོད་བརྒྱུད་ནང་བསྟན་སྐོར་གྱི་དོན་ཆེན་ལོ་ཚིགས།» «བོད་བརྒྱུད་ནང་བསྟན་གྱི་བླ་རབས་ཐོ་གཞུང»སོགས་དེབ་ཁག་བཅུ་གཅིག་ཙམ་རྩོམ་སྒྲིག་དང་པར་སྐྲུན་ཞུས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号