【ཨ་རིག་གླེན་པའི་གཏམ་རྒྱུད།】   བླ་མར་གསེར་ཕུལ་བ། 


སྔོན་ཨ་རིག་གི་རྒད་པོ་ཞིག་དབུས་སུ་འགྲོ་དུས་གསེར་ཁུག་མ་གང་དང་སྡེར་མ་གཅིག་བཅས་ཁྱེར་ནས་སོང་། བླ་མའི་མདུན་དུ་སོང་ནས་སྡེར་མའི་ནང་དུ་གསེར་ཅུང་ཙམ་རེ་བླུགས་ནས་ད་ཆོག་གི་ཨེ་གསུངས་སྙམ་ནས་ཞལ་ངོར་ཡང་ཡང་བལྟས། མ་གསུངས་ཚེ་ཡང་ཅུང་ཙམ་རེ་བླུགས་ནས་ཞལ་ངོར་བལྟས། ཡང་ཅིག་བླུགས་ནས་བླ་མའི་ཞལ་ངོར་བལྟས་ཚེ་བླ་མས་ཅི་ཡིན་དགོངས་ནས་ཞལ་གཅིག་འཛུམ་ཚེ། འོ་ད་དགའ་ཡོད་ཀི་ཟེར་བཞིན་ཡར་དྲངས། རྗེས་མར་ང་འཆི་དུས་ཁྱེད་ཚང་གིས་མཁྱེན་ཟེར་ནས་སྐྱབས་འཇུག་ཞུས་པས། དེའི་ལན་དུ་བླ་མས་ཡ་ཡ་གསུངས། ཕྱིས་སུ་རྒད་པོ་འཆི་ནད་ཀྱིས་ཐེབས་ཚེ། གཉིད་མ་གཉིད་ཀྱི་མཚམས་ལ་རྨི་ལམ་དུ་བླ་མ་རིན་པོ་ཆེ་ཡིན་ཟེར་བའི་སྐུ་མདོག་དུང་ལྟར་དཀར་ཞིང་རིན་པོ་ཆེའི་རྒྱན་ཆ་མོད་པ། སྐུ་ལུས་སུ་འོད་ཟེར་དཀར་པོ་འདོམ་གང་འཕྲོ་བའི་མཐར་འཇའ་ཚོན་སྣ་ལྔས་མུ་ཁྱུད་ཀྱིས་བསྐོར་ནས་འོད་འཁྱིལ་ལེ་བ་ཞིག་དྲུང་དུ་འབྲལ་མེད་དུ་བཞུགས་ནས། ཞལ་འཛུམ་བཞིན་རྒད་པོ་འཆི་བ་ལ་འཇིགས་མི་དགོས། ཁྱོད་རང་ཤི་མ་ཐག་ཏུ་ངེད་གཉིས་བདེ་བ་ཅན་དུ་འགྲོ་བ་ཡིན་གསུངས་པའི་དག་སྣང་བྱུང་། དེ་ནས་མནར་གཅོད་ཀྱི་སྡུག་བསྔལ་ཅི་ཡང་མེད་པར་རྒད་པོ་ཤི་སོང་སྐད་དོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号