༄༅། །དག་ཡིག་རྣམས་ཀྱི་ཟུར་འདེབས་ལེགས་བཤད་མཁས་པ་དགྱེས་བྱེད་བདུད་རྩིའི་མཆོད་སྤྲིན་རྣམ་དག་ཅེས་བྱ་བཞུགས་སོ། །

རྭ་རྒྱའི་དགེ་འདུན་ཤེས་རབ་ཀྱིས་བརྩམས། 

ཨོཾ་སྭ་སྟི།
འཇམ་པའི་དབྱངས་ལ་གུས་བཏུད་ནས།།
ཚིག་དོན་ཟབ་མོ་རྟོགས་ཕྱིར་དུ།།
ཉེ་བར་མཁོ་བའི་ཡི་གེ་འགའ།།
མཁས་པའི་གསུང་བཞིན་བཏུས་ནས་བཤད།།

གསུང་རབ་ནས་གསུངས་དེ་དག་ཀྱང་།།
རིག་གནས་གཞུང་གི་བརྗོད་བྱའི་རིགས།།
<དག་ཡིག་ངག་སྒྲོན་དང་ཟ་མ་ཏོག་ནས།>
མང་དུ་བརྗོད་ན་མངས་དོགས་ཀྱང་།།
དཔྱད་པའི་སྒོ་ཙམ་བསྟན་ཏེ་དཔེར།།
ལོ་འདབ་རྒྱས་པའི་ནགས་འདབས་སུ།།
སྦྱང་བྱའི་སྡིག་སྒྲིབ་ཀུན་སྦྱངས་ཚེ།།
འཁོར་དག་མངག་གཞུག་གཞན་དུ་མངགས།།
ཁམ་ཟས་ཆུང་ངུས་ཁམས་སྙོམས་ཕྱིར།།
ཚོམ་བུ་ཙམ་རེ་ཚོམས་སུ་བཞེས།།
འགྲོ་འོང་ལས་དང་མ་འོངས་པའི།།
ཤ་གཟུག་ཟས་དང་གཟུགས་མཛེས་དང་།།
བྲན་གཡོག་གོས་ཀྱི་སྟོད་གཡོགས་སོགས།།
སྤང་བྱ་འདི་ཀུན་བློས་སྤངས་པའི།།
རྣམ་དག་ཆོས་པ་དེ་རྣམས་ཡིན།།
ལུམ་པའི་ཚལ་ན་གཟུ་ལུམས་མཁན།།
རྒྱང་འཕེན་སྟོན་པ་གད་རྒྱངས་ཅན།།
ཤིག་གིས་ཟོས་ཀྱང་མི་ཤིགས་པ།།
ཁུ་བའི་འཁྲིག་པ་སྤྲིན་ལྟར་འཁྲིགས།།
སེམས་པ་ཁུག་ཚེ་ཁུགས་སུ་ཉལ།།
ད་དུང་སྲེད་པའི་ཡུལ་ལ་དུངས།།
མཆོང་སོགས་ནོར་ཕྱིར་འགྲོ་ཞིང་མཆོངས།།
གོམ་སྟབས་བདེ་ཡང་བློ་ངན་གོམས།།
ཆང་དང་ཟན་ཆངས་མ་འཕྲོད་པར།།
སྦྱོང་སྨན་དྲག་པོ་བསྟེན་དྲགས་ནས།།
སྐྱེ་འགག་བཅས་པའི་སྙན་གྲགས་འགགས།།
ཆེམ་ཆེམ་སྒྲ་ཡིས་ཁ་ཆེམས་བཞག།
གྲོང་མི་འདས་ཚེ་གྲོངས་ཟེར་ལོ།།

༈ ཡང་མིན་བརྟན་མཁས་སྤྱན་ཡངས་ཁྱོད།།
འཚང་རྒྱའི་ཆེད་དུ་དབེན་པར་འཚངས།།
ནམ་ཞིག་བསོད་ནམས་སྐྱེ་ཕྱིར་དུ།།
བླང་བྱའི་དགེ་ཚོགས་ཉམས་བླངས་ནས།།
དུས་ལ་བབ་ཚེ་རི་ལས་བབས།།
རྩིག་པའི་འགྲམ་དུ་འགྲམས་ཚད་བརྟགས།།
རིམ་བཞིན་རིམས་ནད་གཞོམ་འདོད་དེ།།
དཔག་མེད་ནད་རྐྱེན་བློས་དཔགས་ནས།།
སྨྱོ་འབོག་སོགས་ཀྱི་སྨན་རྣམས་འབོགས།།
ལྷག་པར་ནད་སེལ་ཕྱིར་དུ་ལྷགས།།
འདི་ན་ཕྱུག་པའི་ནོར་ཕྱུགས་སོགས།།
འབྲུག་ལྟར་གྲག་ཅིང་སྙན་གྲགས་ཆེ།།
གཞུང་དོན་མི་ཤེས་ཡིད་གཞུངས་པའི།།
གྲོག་མ་ལྟ་བུའི་གྲོགས་མང་ཡང་།།
ཐུན་མོང་ལས་དང་ཉོན་མོངས་ཀྱི།།
དབང་གིས་ཉམ་ཐག་བསོད་ནམས་ཉམས།།
མིག་ལ་ལྡོང་རོས་བྱུགས་ནས་ལྡོངས།།
རྐང་བ་ཆག་སྟེ་ཟས་ལ་ཆགས།།
ཕྲུག་གུ་རྣམས་ཀྱིས་ལྟོགས་ནས་ཕྲུགས།།
གང་ཟག་དེ་ཡི་མཆི་མ་ཟགས།།
ཐབ་ཏུ་སླ་ང་འཛུགས་ཐབས་དཀའ།།
རྐྱེན་ལ་ཐུག་འདི་ཐུགས་ཀྱི་ཡུལ།།
བགྲང་བྱའི་ནད་ཀྱི་གྲངས་བགྲངས་ནས།།
སྨན་ལ་རྟོག་དཔྱོད་ཀྱིས་རྟོགས་ཏེ།།
གཟིག་ཤ་ཆུང་ངུའམ་ཐུགས་རྗེས་གཟིགས།།

༈ ཁ་སང་བདག་ནི་གཉིད་སངས་ཏེ།།
གཙུབ་ཤིང་གཙུབས་ནས་མེ་སྦར་དུས།།
གདུག་སེམས་ཅན་གྱི་གདུགས་རྒྱལ་མཚན།།
བྲག་གི་རྫོང་དང་ནོར་རྫོངས་དང་།།
ཁྲག་ཞག་ཞགས་པ་བཅས་པ་བརྐུས།།
དེང་དུས་ཁྱེད་ཅག་གནས་དེར་དེངས།།
ཕྱིན་ཅི་ལོག་སྟེ་ལོགས་ཤིག་ཏུ།།
མཚོན་གྱིས་དབུག་སྟེ་སྲོག་དབུགས་ཆོད།།
བྱ་གླག་སོགས་ཀྱིས་གླགས་ཚོལ་འགྱུར།།
སྡིག་ཅན་ཡོངས་ལ་སྡིགས་མཛུབ་སྟོན།།

༈ མདོག་གནག་གཅོང་རོང་ནགས་ཁྲོད་དུ།།
སྤྲང་པོས་སྦང་མ་ཆུ་རུ་སྦངས།།
མགོ་བོ་གྱེན་བསླང་ཟས་བསླངས་ནས།།
དམའ་བའི་གཤོང་དང་སྤང་གཤོངས་མྱུལ།།
བརྩེ་གདུང་ཉམས་ཏེ་ཤ་ཡིས་གདུངས།།
དཔྱང་ཐག་སྣེ་ལ་རྙི་རྣམས་དཔྱངས།།
རྩང་ཐུར་རྩེར་འཁྱུད་རྩངས་པ་སོགས།།
བུ་ག་དོག་པོར་འཛུལ་གྱིས་དོགས།།
དང་བ་ཅན་ལ་དྭངས་ཤེལ་དང་།།
ལྷ་ཤིང་ཤུག་པ་ཤུགས་བསྐྱེད་དེ།།
སྣོད་གང་བཏུས་ནས་གངས་རི་རྩེར།།
དྲང་པོའི་མི་ཡིས་གྱེན་དྲངས་ནས།།
ཆབ་དང་ཟས་ཕུད་ཆབས་གཅིག་ཏུ།།
ཐོག་མར་ལག་ཏུ་ཐོགས་ཏེ་ཕུལ།།
བསམ་བྱ་བསམས་ནས་བསང་བཏང་ཚེ།།
གསུང་སྙན་ཅན་དེས་གསུངས་ན་མཛེས།།
ཧ་ཧ་ཧེ་ཧེ་གྲོགས་དག་ལ།།
སྤྲོ་བ་བསྐྱེད་པའི་རྩེད་མོ་ཞུ།།
       འདི་ལྟར་ཚིག་སྦྱོར་བྱས་ན་བློ་གསར་བ་འགའ་ཞིག་གིས་མི་གོ་སྙམ་དུ་གྲོང་ཚིག་དག །རང་གཞན་གྱི་བཤད་སྲོལ་དུ་མའི་རྗེས་སུ་ཞུགས་ཏེ།  གསུང་རབ་རྣམས་སུ་གྲགས་ཆེ་བའི་ཡི་གེ་འཁྲུལ་གཞི་འབྱུང་སྲིད་པ་རྣམས་དང་། སྔར་བཤད་ཟིན་པ་འགའ་ཞིག་ཡང་བསྐྱར་གྱི་ཚུལ་དུ་བཤད་པར་བྱའོ། །

སྨྲས་པ།
ཤེས་བྱའི་མིང་གི་དབྱེ་བ་ཀུན།།
ཤེས་ན་ཚིག་དོན་ཐམས་ཅད་ནི།།
ཤེས་པར་འགྱུར་ཞེས་གསུང་ཕྱིར་ན།།
ཤེས་རབ་ཆུང་ཡང་འདི་སྐད་སྨྲ།།
རྟགས་ཀྱི་འཇུག་པའི་དགོངས་དོན་བཞིན།།
དུས་གསུམ་དབང་གིས་ཐོབ་ཚུལ་སོགས།།
ང་ཡིས་གཞན་དུ་བཤད་པ་ལྟར།།
རིགས་པས་ཡང་ཡང་དཔྱད་ན་ཤེས།།
དཔེར་བརྗོད་སྤྲོས་ཀྱང་རྟོགས་མི་ནུས།།
འདིར་ནི་མིང་གི་ཆ་ཤས་ལ།།
དོགས་པ་སེལ་ཚུལ་མདོར་བསྡུས་བཤད།།

༈ མཆོག་གི་རབ་དང་སྐྱེས་པའི་རབས།།
ཕན་ཚུན་ཐུག་དང་རྒྱལ་བའི་ཐུགས།།
ཡོད་པའི་ཚང་དང་ལྷ་ཚངས་པ།།
སྨྲ་བའི་གཏམ་དང་བྱུར་བུར་གཏམས།།
ཞིག་པའི་འཇིག་དང་སྐྲག་པའི་འཇིགས།།
གནམ་ལྕགས་ཐོག་དང་ཐོགས་པ་མེད།།
གདེང་ཐོབ་པ་དང་མཚོན་ཆ་གདེངས།།
ཚེམ་དྲུབ་དང་ནི་ཞལ་གྱི་ཚེམས།།
ཐུར་དུ་ཕབ་དང་ཆང་གི་ཕབས།།
ཁང་བའི་སྐས་གདང་ཞལ་ནི་གདངས།།
གོས་ཀྱི་འགེལ་གདང་སྐད་ཀྱི་གདངས།།
མི་འགྱུར་རྟག་པ་རྟགས་མཚན་མ།།
འཆིང་བྱེད་སྒྲོག་དང་སྒྲ་ཆེན་སྒྲོགས།།
རྣམ་པའི་རྣམ་དང་མང་ཚིག་རྣམས།།
ཐུང་མིན་རིང་དང་མྱུར་བའི་རིངས།།
འོས་པའི་རུང་དང་མ་རུངས་བདུད།།
ལྗིད་མེད་ཡང་དང་རྒྱ་ཁྱོན་ཡངས།།
ལྷ་ཡི་ཕྱག་དང་རྩྭའི་ཕྱགས་མ།།
འཕོང་སྐྱེན་བསླབས་དང་ལུས་ཀྱི་འཕོངས།།
ཁ་དོག་ནག་དང་ནགས་ཀྱི་ཚལ།།
སྐུལ་བྱེད་ལྕག་དང་སྲ་མཁྲེགས་ལྕགས།།
ཉག་པོར་གཉག་དང་རུས་ཀྱི་གཉགས།།
ཞར་བའི་ལོང་དང་ལྷའི་ལོངས་སྤྱོད།།
དྲག་པོ་ཧ་ཅང་ཐལ་ཆས་དྲགས།།
བ་ལང་རྒོད་པོ་ལངས་ཏེ་བྲོས།།
ཁུ་བྱུག་གྲག་དུས་གྲགས་པ་ཐོབ།།
གཏམ་གྱི་དཔང་བོ་དཔོན་པོའི་དཔངས།།
སྒྱེད་པུའི་ཐབ་ཀ་ཐབས་གཅིག་ཏུ།།
མཇུག་གི་གཏང་རག་ཆེ་བའི་རགས།།
རྟེན་གྱི་དྲུང་དུ་དྲུངས་ནས་ཕྱུང་།།
ལྷག་མ་ཟོས་དུས་ལྷགས་པ་ཆེ།།
ལུས་ཀྱི་རྩིབ་ལོག་འཁོར་ལོའི་རྩིབས།།
འཛིན་པའི་གཟུང་བྱ་སྔགས་ཀྱི་གཟུངས།།
དེ་ལས་སླར་ལོག་ཟུར་གྱི་ལོགས།།
ཁ་དོག་ཁམ་སེར་འཇིག་རྟེན་ཁམས།།
རྐང་བའི་གོམ་སྟབས་གོམས་སུ་བཅུག།
ལྕགས་ཀྱི་ཐུ་ལུམ་སྨན་ལུམས་དང་།།
སྣོད་ཀྱི་གཞོང་བ་སྤང་གི་གཞོངས།།
སྒ་ཡི་ཡུང་བ་ཡུངས་དཀར་དང་།།
དགྱེས་བཞིན་གནང་དང་གནངས་ཀྱི་དུས།།
ཤུབ་བུར་སྨྲ་དང་གྲི་ཡི་ཤུབས།།
གཉིས་ཀྱི་ཟུང་དང་ལུས་ཟུངས་བཟང་།།
རྟོགས་དཀའི་ཟབ་དང་གཏིང་རིང་ཟབས།།
འཁྱགས་པའི་གྲང་དང་བརྩི་བྱའི་གྲངས།།
བྲག་གི་ཕུག་དང་གཏན་གྱི་ཕུགས།།
སྟོང་དང་ཁྲི་ཕྲག་ཟད་ནས་སྟོངས།།
འཕྲིན་གྱི་སྤྲིང་ཡིག་བསྐུར་བའི་སྤྲིངས།།
རྐང་ལག་འཁུམ་དང་གོ་བའི་འཁུམས།།
ལག་པའི་འདོམ་དང་གསང་བའི་འདོམས།།
ཡི་གེའི་ཚེག་དང་ལས་ཚེགས་ཆེ།།
དྲི་མའི་ཟག་བཅས་སྟོར་བའི་ཟགས།།
དཔངས་ཀྱི་འཕང་དང་རྒྱང་དུ་འཕངས།།
མཐོང་བའི་རིག་དང་གཏོགས་ཚད་རིགས།།
མིག་གིས་མཐོང་དང་ནམ་མཁའི་མཐོངས།།
རལ་གྲིས་གཤེག་དང་བྱོན་པའི་གཤེགས།།
ཏིལ་གྱི་གང་བུ་ཁ་བའི་གངས།།
འདམ་པའི་གདམ་ང་ཞལ་གྱིས་གདམས།།
བློ་ངོར་འཚམ་དང་མཐོ་འཚམས་པ།།
རི་ཡི་ལྕོག་དང་བློ་ཡིས་ལྕོགས།།
ཟང་ཟིང་དངོས་པོ་ཟངས་དམར་ལྕགས།།
ཞབས་ཀྱི་ལོང་བུ་འཛོམ་པའི་ལོངས།།
རྩྭ་ཡི་འཇག་མ་སྦྱོར་འཇགས་བྱས།།
ཞལ་དུ་སྟོབ་དང་ལུས་ཀྱི་སྟོབས།།
བརྟག་དཔྱད་སྒོ་ནས་ལེགས་བརྟགས་ཏེ།།
ནད་བསླང་དུས་སུ་སྨན་རྣམས་བསླངས།།
ཆང་གི་སྦང་མ་རྟ་སྦངས་དང་།།
བཙན་དུག་གདུས་པའི་དུགས་ཀྱིས་བདུགས།།
འཕག་ནས་ལང་ཚེ་ཁྱད་པར་འཕགས།།
དང་ག་བདེ་དུས་དྭངས་སྙིགས་བྱས།།
འཐབ་རྩོད་འཁྲུག་པའི་སེམས་འཁྲུགས་ནས།།
སྐྱིན་པ་འཚབ་ཚེ་ཁྱོད་བློ་འཚབས།།
ཁ་ཤག་འགྱེད་དང་ཏིང་ཏིང་ཤགས།།
མང་ཚིག་དག་དང་ཚིག་བླ་དྭགས།།
གཉན་གྱི་ལྷོག་པ་གདོང་ལྷོགས་དང་།།
ཆུ་རུ་བྱིང་དང་སྔགས་ཀྱི་བྱིངས།།
ཆག་གྲུམ་སྣོད་དུ་ཟས་ངན་ཆགས།།
དཔལ་གྱི་དབང་ཕྱུག་དུད་འགྲོའི་ཕྱུགས།།
བཀུར་སྟིའི་རིམ་གྲོ་ནད་ཀྱི་རིམས།།
བོང་བུའི་ལུས་ཀྱི་བོངས་ཚོད་ཆུང་།།
འཚོག་ཆས་དོན་དུ་ཕྱོགས་གཅིག་འཚོགས།།
འཁོར་གཡོག་མང་པོས་ས་སྟེང་གཡོགས།།
སྟག་གཟིག་ཁྱུ་ལ་གཟིགས་པ་ཡི།།
རྫོང་དཔོན་དེ་ལ་རྫོངས་ཀྱིས་བརྫངས།།
ཁོར་ཡུག་གནས་སུ་ཡུགས་མོ་བསྐྲད།།
ཕྱོགས་ཀུན་བསང་གཏོར་གྱིས་བསངས་སོ།།

༈ ཚིག་རྐང་རེ་རེས་དོན་གསུམ་བསྟན།།
སྔ་མ་གཉིས་ལ་ཡང་འཇུག་མེད།།
ཕྱི་མར་ཡང་འཇུག་ཡོད་པ་ནི།།
བདེ་བླག་བཙོ་བླག་རྣ་བ་བླགས།།
འདབ་ཆགས་ཤང་ཤང་ཞལ་གྱི་ཤངས།།
སྒྱིད་ལུག་ར་ལུག་ཁྲིམས་ཀྱི་ལུགས།།
ཁོང་གི་ཁོང་ཁྲོ་ཁོངས་སུ་གཏོགས།།
ངམ་གྲོག་ཆུ་གྲོག་མཛའ་བའི་གྲོགས།།
འདབ་གཤོག་འདབ་མ་རི་ཡི་འདབས།།
བག་མ་བག་ཆགས་རིམ་གྱི་བགས།།
དེང་སང་སང་ཉིན་གཟའ་པ་སངས།།
བསྟི་སྟང་སྟང་སྟབས་བཞུགས་སྟངས་ཅན།།
འགས་འཆག་འགྲོ་འཆག་སྡིག་སྒྲིབ་འཆགས།།
མེ་སྟག་ཤ་སྟག་ཡས་སྟགས་དང་།།
གསུང་བཅག་རྡོ་བཅག་ཞབས་ཀྱིས་བཅགས།།
ཁ་དོག་ཕྲག་དོག་བློའི་དོགས་པ།།
ངན་རྟོག་ལོག་རྟོག་སེལ་ཚུལ་རྟོགས།།

སྨྲས་པ།
འདི་ནི་དཀའ་བའི་གནས་མིན་ཡང་།།
ཚེགས་མེད་ཤེས་པ་ཤིན་ཏུ་དཀའ།།
ཀུན་གྱིས་རྟོགས་ཕྱིར་ཕྱོགས་གཅིག་ཏུ།།
བསྒྲིགས་ལ་མཁས་པའི་ཐུགས་མ་ཁྲེལ།།
       ཡང་འཇུག་ཡོད་མེད་བསྟན་པའི་སྡེ་ཚན་ཏེ་དང་པོའོ། །

ཚིག་རྐང་རེ་རེའི་ནང་ཉིད་དུ།།
འདྲ་བ་གཉིས་གཉིས་བསྟན་པ་ནི།།
མང་པོའི་རབ་འབྱམས་འབྱམས་ཀླས་པ།།
རྩེ་གཅིག་བློ་བསྒྲིམས་སྲད་བུ་བསྒྲིམས།།
མགོ་ཡི་ཐོར་ཚུགས་ཤ་ཡི་ཚུགས།།
དུས་ཀྱི་མདངས་སང་ཚོན་གྱི་མདངས།།
ཟད་པའི་གཏུགས་དང་ཞལ་ལ་གཏུགས།།
ནད་ཀྱི་སྐྱ་རྦབ་རྦབ་རྡོ་འདྲིལ།།
ནགས་ཀྱི་ཀླུང་དང་ཆུ་ཡི་ཀླུང་།།
བཟོད་དཀའི་འོ་བརྒྱལ་དྲན་མེད་བརྒྱལ།།
མིག་གི་ལྟ་སྟངས་བློའི་འཛིན་སྟངས།།
ཚགས་སུ་ཆུད་དང་ཆུ་ཡི་ཚགས།།
ནམ་མཁའི་ཀློང་དང་ཆུའི་རྦ་ཀློང་།།
བསྒོ་བ་རྣར་གཟོན་ཆུད་གཟོན་དང་།།
འབུབས་པའི་སྦྲ་དང་གཙང་སྦྲ་དང་།།
ཧམ་པའི་རྔམས་དང་འཐུག་པའི་རྔམས།།
དུཿཁའིགདུང་རུས་ཀྱི་གདུང་།།
སོལ་པའི་མགལ་མི་ཡ་མགལ་དང་།།
གཅན་གཟན་སྟག་དང་ཤིང་སྟག་པ།།
ང་རྒྱལ་རྒྱགས་པ་ཟས་ཀྱིས་རྒྱགས།།
ཁལ་བཀལ་སྐུད་པའི་སྲད་བུ་བཀལ།།
འཁྲུག་ལོང་སྐྱོ་ངོགས་འཇུག་ངོགས་བདེ།།
འཐག་རྒྱུའི་ཐགས་དང་ཚེམས་ཐགས་བཟང་།།
འཐབ་ཀྲོལ་ཅན་དང་ཕུང་ཀྲོལ་དང་།།
རྟ་ཡི་སྲབ་དང་འཐུག་མིན་སྲབ།།
རྨ་བྱའི་མདོངས་དང་དཔྲལ་བའི་མདོངས།།
ནད་ཀྱི་མེ་དབལ་ཕུར་བུའི་དབལ།།
རྒ་བས་ལུས་ཉམས་གར་གྱི་ཉམས།།
སྐྲངས་པའི་རྣག་བརྟོལ་སྤྱི་བརྟོལ་ཅན།།
སྐ་རགས་ལྕག་པོད་རེའུ་ལྕག་པ།།
སེ་གོལ་གཏོགས་དང་ཕྱོགས་སུ་གཏོགས།།
མུ་སྟེགས་གཟེགས་ཟན་ཆུའི་གཟེགས་མ།།
རི་མོའི་ཚངས་ཐིག་ཚངས་སྤྱོད་དོ།།
འདྲ་བ་གསུམ་གསུམ་བསྟན་པ་ནི།།
མེ་ཏོག་ལོ་ཏོག་ནོར་བུའི་ཏོག།
ཅིག་ཤོས་ཁ་ཅིག་ཐང་ཅིག་དང་།།
གླེགས་བམ་གླེགས་བུ་སྒོ་གླེགས་དང་།།
གཟུགས་བརྙན་སྒྲ་བརྙན་བརྙན་པོའི་གོས།།
ཉམ་ང་ཉམ་ཆུང་ཉམ་ཐག་པ།།
གཏན་ཚིགས་དུས་ཚིགས་ལྷུ་ཡི་ཚིགས།།
ལྐོག་གྱུར་ལྐོག་མ་ལྐོག་ཤལ་དང་།།
ཏོག་སྒྲ་ཞབས་ཏོག་ཟ་མ་ཏོག།
ལག་པ་རྩ་ལག་ཁོ་ལག་ཡངས།།
ཇི་ལྟར་ཇི་སྲིད་ཇི་སྙེད་དང་།།
རྣམ་མང་རྣམ་གྲངས་རྣམ་བཞག་དང་།།
ལྡེ་གུ་ལྡེ་མིག་མིང་གི་ལྡེ།།
ཕྱིང་གཟར་རི་གཟར་གཟར་བུ་དང་།།
ན་བཟའ་བཟའ་མི་བཟའ་བའི་ཟས།།
ཆབ་འོག་ཆབ་ཤོག་ཆབ་སྒོ་དང་།།
སླ་ང་ལྷ་ང་བྱའི་སྒོ་ང་།།
གཡང་ས་གཡང་གཞི་དཔལ་གྱི་གཡང་།།
ཡི་ཆད་ཡི་རང་ཡི་དམ་ལྷ།།
ཟླ་གམ་ཟླ་བ་འགྲན་ཟླ་བྲལ།།
རྒན་རབས་སྔ་རབས་ཚེ་རབས་སོ།།

སྨྲས་པ།
ཤེས་པར་བྱ་བ་ཐམས་ཅད་ཀྱི།།
འགོ་ཕྱུང་ཙམ་ཞིག་འདི་རུ་སྨྲོས།།
རེའུ་མིག་རྒྱས་བསྡུས་གཉིས་སུ་ནི།།
དཀའ་གནད་ཕལ་ཆེར་བཀོད་ཟིན་ཏོ།།
འདྲ་བའི་ཡི་གེ་བསྟན་པའི་སྡེ་ཚན་ཏེ་གཉིས་པའོ།།

༈ འདྲ་བ་མིན་ཡང་བརྗོད་ཚུལ་གྱིས།།
ཡི་གེ་ནོར་འཁྲུལ་འབྱུང་བ་ནི།།
དྲང་པོར་བསྲང་དང་ཡུན་རིང་བསྲིང་།།
རང་གིས་བསྟེན་དང་རང་ལ་བརྟེན།།
ནམ་མཁའི་དབྱིངས་དང་སྙན་པའི་དབྱངས།།
རྣོ་བའི་གྲི་དང་ཞིམ་པའི་དྲི།།
བརྗོད་པའི་གཏམ་གླེང་རི་རབ་གླིང་།།
ལུས་ཀྱི་མགོ་དང་ཐོག་མའི་འགོ།
གོ་འཕང་བརྙེས་དང་གཞན་ལ་བརྙས།།
ས་བདག་ཀླུ་དང་སྙན་པའི་གླུ།།
མིང་བོའི་སྲིང་མོ་འཇལ་བྱེད་སྲང་།།
རྒྱལ་བོས་བཀྲབས་དང་ལྕག་གིས་བྲབ།།
ལུས་ཀྱི་པང་དང་མགྱོགས་པོའི་བང་།།
ཆུང་ངུའི་ཕྲན་དང་འབངས་ཀྱི་བྲན།།
བྱ་བ་བྱས་ཚེ་བྱེས་སུ་བསྡད།།
ཟས་ཀྱིས་འགྲངས་ནས་འགྲེང་མ་ནུས།།
ལྡང་འདུག་མི་ཤེས་མཁའ་ལ་ལྡིང་།།
རྡང་ལ་བཏགས་ཀྱང་གཞན་ལ་སྡང་།།
སྒྲ་ཡིས་བརྡ་བྱེད་ལེ་བདའ་མཁན།།
རིན་གྱིས་བླུས་ནས་བདག་གིས་བསླུས།།
འབུད་པའི་ཆོས་དུང་བཙོན་གྱི་དོང་།།
འཐས་པའི་ས་བརྐོས་དཔོན་པོར་བསྐོས།།
རྐུན་མས་བརྐུས་དང་ཚོན་རྩི་བསྐུས།།
མི་རོ་རངས་པོ་ཤིང་ལྟར་རེངས།།
ནམ་མཁའི་གློག་དང་གླེགས་བམ་ཀློག།
རྩུབ་མའི་ཚིག་བརླང་དུལ་བའི་བརླིང་།།
ཡིད་ཆེས་རྟོན་པ་ཆོས་སྟོན་པ།།
གྱེན་དུ་བཏེག་དང་བསྲུང་སྐུད་བཏགས།།
གྲངས་ཀྱི་བརྒྱ་སྟོང་མདའ་ཡི་ལྟོང་།།
མཐུན་པའི་རྐྱེན་དང་འཕོང་གི་སྐྱེན།།
རྒོལ་བའི་ཀླན་ཀ་ལྷན་པ་གླན།།
ལམ་གྱི་འཕྲང་དང་སེམས་ལ་འཕྲེང་།།
གཞུ་བདུངས་རྔ་ལ་དབྱུ་གུ་བརྡུངས།།
ནང་ཁྲོལ་རྒྱུ་མ་གཡོ་སྒྱུ་མཁན།།
འགོར་བའི་དུས་འགྱངས་རྩལ་གྱིས་འགྱིང་།།
ལོག་འཚོའི་ཁ་གསག་རྡོའི་གསེག་མ།།
ནང་ནས་ཕྱིར་ཕྱུང་བརྟེན་ནས་བྱུང་།།
འཛིན་བྱེད་རྙི་དང་རེག་བྱ་སྙི།།
ལུག་གི་བལ་རྨེལ་སྒ་ཡི་རྨེད།།
ཐོ་རངས་འདས་ནས་སྐྱ་རེངས་ཤར།།
སྡིག་པ་སྤོང་དང་ཕུང་བོར་སྤུངས།།
ཕྱི་དྲོའི་དགོངས་དང་མཚན་མོའི་དགུང་།།
མཛེས་པའི་སྡུག་དང་ཐབ་རྡུགས་པ།།
བགྲོད་ལམ་བགགས་དང་མནའ་ཚིག་བསྒགས།།
འཐག་པའི་ཕྱེ་མ་རྡོའི་བྱེ་མ།།
མཁའ་ལ་རྒྱན་བྲེས་ལྟོགས་པའི་བཀྲེས།།
སྐད་ཀྱི་གཟེངས་བསྟོད་གྲུ་གཟིངས་བསྡམས།།
དར་བའི་བདོ་དང་སྐུ་ལ་བསྡོ།།
ཞགས་པའི་ཐག་པ་ཁུར་ཆེན་ཐེག།
མིག་གིས་བལྟས་དང་རྒྱས་པའི་བརྟས།།
བཟང་པོའི་ལེགས་དང་ཞེ་སའི་ལགས།།
དྲི་མ་འདག་དང་གྱེན་དུ་འདེགས།།
བསྐྱར་ནས་བསྡེབས་དང་ཞབས་གཉིས་བརྡབས།།
རིན་ཆེན་སྤྲུག་དང་རལ་བ་སྤྲུགས།།
ཡ་རབས་དྲ་མ་ཤིང་གྲ་མ།།
པགས་པ་དང་ནི་ཤུན་ལྤགས་སྲབ།།
དོམ་ལྤགས་དོམ་གྱི་པགས་པ་ནག།
ཕྱོགས་གཅིག་སྡུད་དང་སྐོམ་སྐྱེམས་ལྡུད།།
ཁ་དོག་གསལ་དང་མུན་པ་བསལ།།
ལུས་ལ་གོས་བགོ་བཤད་པའི་བསྒོ།།
མགྲོན་པོའི་འགྲུལ་བ་རུལ་འགྱུར་འདྲུལ།།
ས་ལ་འདྲུད་དང་བསླུ་བའི་འདྲིད།།
བསྟན་ལ་མཇལ་དང་བློ་ཡིས་འཇལ།།
ཕན་ཚུན་འབྲེལ་དང་གཞུང་དོན་འགྲེལ།།
གང་ལ་གང་འཚམ་ཕྱོགས་ཀྱི་མཚམས།།
བརྒྱབ་པའི་བརྡེག་དང་ཡོད་པའི་བདོག།
ངལ་བའི་དུབ་དང་རུང་བའི་བཏུབ།།
ནོར་བའི་ལམ་གོལ་གཡོག་སོགས་བཀོལ།།
ཁང་བའི་བར་ཁྱམས་འཕྱན་པའི་འཁྱམས།།
ཟད་པའི་བྲི་དང་ཡི་གེ་འབྲི།།
དུས་ཀྱི་བསྐལ་དང་ཟས་ཀྱི་སྐལ།།
འགྲོ་བའི་མཆི་དང་ཡོད་པའི་མཆིས།།
ལུས་ཀྱི་ལྒང་བ་རི་ཡི་སྒང་།།
མཁས་པའི་མཛངས་དང་སྐྲ་སོགས་འཛིངས།།
བཟོད་དཀའི་མི་བཟད་ཟད་མི་ཤེས།།
ཉེ་བའི་བཏུད་དང་དགྲ་བོ་བཏུལ།།
ཕྱི་བཤོལ་མཁན་དེས་སྣོད་ཆུས་བཤལ།།
ཞིང་གི་ཐོང་གཤོལ་རྔམས་ཞེང་ཆེ།།
སྨྲ་བའི་ངག་ལྐུགས་རྒྱལ་འགུགས་སྐུགས།།
འཕྲལ་གྱི་དོན་དང་ཕན་ཚུན་འཕྲད།།
ཆུ་ཡིས་འཁྲུད་དང་ནོར་བའི་འཁྲུལ།།
ཆོས་ལུགས་གཤའ་མ་འགབ་ཀྱི་གཤམ།།
བྱས་པའི་བགྱིས་དང་བྱེད་པའི་བགྱིད།།
ལུས་ཀྱི་རྔུལ་ཆུ་རིན་ཆེན་དངུལ།།
གསོང་བོར་སྨྲས་ཏེ་ནེའུ་གསིང་དུ།།
ན་ཚོད་བགྲེས་ཀྱང་བགྲོ་གླེང་བྱེད།།
རི་བོའི་གཏོས་ཙམ་གཏའ་མར་འཇོག།།
བཞོན་པ་གླང་ཆེན་ཐལ་ཀར་ཞོན།།
ཟློག་པ་བྱས་ནས་རྩོད་པ་བཟློག།
རྒྱལ་བའི་བསྟན་པ་བརྟན་པར་བྱས།།
འབད་རྩོལ་ཅན་དེས་བཀའ་སྩོལ་ཅིག།
དོང་དུ་བྲུབས་དང་དྲས་དྲུབས་དང་།།
སྔ་དྲོ་ཕྱི་དྲོ་ནས་སྲན་གྲོ།
ལྷན་ཅིག་འགྲོགས་དང་འབྲོག་དགོན་པ།།
བཀྲག་མདངས་རྒྱས་ཕྱིར་སྐྲ་རྣམས་བྲེགས།།
ལུས་ཀྱི་ལྦ་བ་སྦ་བར་བྱས།།
ཤེས་པའི་འཚལ་དང་ཚོན་རྩིའི་མཚལ།།
སྙན་པའི་སྒྲ་དང་མི་མཐུན་དགྲ།།
གྲངས་ཀྱི་ལྔ་དང་བརྡུང་བྱའི་རྔ།།
མང་ཚིག་སྙེད་དང་ནོར་རྫས་རྙེད།།
གཡོ་བའི་འགུལ་དང་མགྲིན་པའི་མགུལ།།
ཆུ་ཡི་ལྟེང་ཀ་རྟིང་པ་ཡངས།།
ཚིག་རྐང་རེ་རེའི་ནང་ཉིད་དུ།།
འདྲ་མིན་གཉིས་གཉིས་བསྟན་ཟིན་ཏོ། །

༈ རང་དང་རང་འདྲ་ཕན་ཚུན་ལ།།
ནོར་བར་དོགས་ནས་རྟགས་བྱས་པ།།
དེ་ལ་ཝ་བཏགས་ཟེར་ཏེ་དཔེར།།
ཀྭ་ཡེ་གྲྭ་བ་སྨན་པ་ཡིས།།
ཤྭ་བའི་གྭ་དོར་རྭ་སྣ་ཚོགས།།
ལན་ཚྭ་ཟྭ་ཚོད་དྭ་བའི་འབྲུ།།
རི་དྭགས་བསེ་རུ་ཉྭ་ཤ་བཅས།།
ཞྭ་དང་ལྭ་བ་བཙོངས་ནས་ཉོས།།
ཡི་དྭགས་ལྟ་བུའི་དྭ་ཕྲུག་གིས།།
ཤྭ་འོད་ཆུ་ཀར་བྱ་ཁྭ་ཏ།།
འཕུར་མ་ནུས་པ་བཟུང་ལྟ་བུ།།
ཕན་ཚུན་ལ་ལྟོས་ཆུང་ངུ་ལ།།
གུ་བུ་འུ་གསུམ་འཇུག་སྟེ་དཔེར།།
དབྱུག་གུ་ཕྲན་བུ་བེའུ་སོགས།།
འདི་འདྲ་སྦྱར་བ་ཤིན་ཏུ་མང་།།
མིང་གི་ཆ་ཤས་འགའ་ཞིག་ཏུ།།
ཆུང་ངུ་མིན་ཡང་དེ་གསུམ་འཇུག།
ཕ་གུ་གཅེར་བུ་དྲེའུ་སོགས།།
སྦྱོར་ཚུལ་དེ་རྣམས་རྟོགས་པར་སླ།།
བཅུ་ནས་བཅུ་དགུའི་བར་དག་ཏུ།།
བཞི་བཅུ་ལྔ་བཅུ་དགུ་བཅུ་ལ།།
བས་འཕུལ་ཡོད་ཅིང་སུམ་ཅུ་དང་།།
དྲུག་ཅུ་བདུན་ཅུ་བརྒྱད་ཅུར་མེད།།
ཆིག་བརྒྱ་ཉིས་བརྒྱ་སུམ་བརྒྱ་དང་།།
ཆིག་སྟོང་སོགས་ལ་གས་འཕུལ་སྤངས།།
ཆིག་རྐྱང་སོགས་ལ་རིགས་འགྲེའོ།།

སྨྲས་པ།
སྔ་ཕྱིའི་བཀས་བཅད་དབང་གིས་ནི།།
ཡི་གེའི་བཤད་སྲོལ་དུ་མ་བྱུང་།།
དག་ཡིག་ངག་སྒྲོན་ནས་གསུངས་པའི།།
མིང་གི་སྦྱོར་ཚུལ་ཀུན་ཀྱང་འཐད།།
འདྲ་མིན་ཡི་གེ་བསྟན་པའི་སྡེ་ཚན་ཏེ་གསུམ་པའོ། །

རྣམ་དབྱེ་དང་ནི་ཚིག་ཕྲད་དང་།།
བརྡ་དང་གྲོང་ཚིག་མངོན་བརྗོད་སོགས།།
འདྲེས་པས་ཡི་གེ་སྣ་ཚོགས་བྱུང་།།
རྒྱལ་བོའི་ཞལ་ལ་གསེར་ཞལ་ཟེར།།
དེ་ལ་འབུལ་ཕྱིར་གསེར་སྐྱེམས་དང་།།
བླ་ནི་སྟོད་དང་མཐང་ནི་སྨད།།
བླ་གོས་མཐང་གོས་ཟེར་བ་ལྟར།།
འདོད་རྒྱལ་མིང་ནི་མ་གཏོགས་པའི།།
ཆོས་ཀུན་མིང་དོན་ཤེས་དགོས་ན།།
དག་ཡིག་རྣམས་ལས་གསུངས་པ་ཡི།།
བརྡ་སོགས་དབྱེ་བ་ཅུང་ཟད་བཤད།།
ཚར་དུ་དངར་བ་བསྒྲིགས་པའི་མིང་།།
འཕྱང་མོ་ཉུག་ནི་ཐེ་ཚོམ་དང་།།
གོར་མ་ཆག་ནི་ཐེ་ཚོམ་མེད།།
ས་སྒྲེ་བ་ནི་ས་རྗེན་དང་།།
བརྟུལ་ཕོད་པ་ནི་སྙིང་སྟོབས་ཆེ།།
འཇུངས་པ་ཞེན་ཆགས་ཆེ་བ་དང་།།
ཕྱ་ལེ་བ་ནི་ངོས་མཉམ་པ།།
འབེལ་གཏམ་ཡང་དག་གཏམ་གྱི་མིང་།།
མི་འགོང་བ་ནི་མི་ཞུམ་པ།།
ཡ་མ་བརླ་ནི་སྙིང་བོ་མེད།།
བྲུ་ཚ་བ་ནི་བཀྲེས་པ་དང་།།
བྲོ་འཚལ་བ་ནི་ནད་པའི་མིང་།།
ཉིང་ཤ་ཞེས་པ་རང་གི་ཤ།

བསླན་པ་ཕྱོགས་སུ་གཏོགས་པ་དང་།།
དཀྱེལ་ཆེ་བ་ནི་ཁོངས་ཡངས་པ།།
སླད་བཞིན་འབྲང་ནི་ཕྱི་བཞིན་འབྲང་།།
བྱ་མ་རྟ་ནི་ཕོ་ཉའི་མིང་།།
བདུད་ཀྱིས་བརླམས་པ་བསྐྱོད་པའི་དོན།།
མནོག་ཆུང་བ་ནི་ཁེ་ཆུང་བ།།
བསྙུངས་པ་ཆུང་ངུར་བྱས་པ་དང་།།
ཡ་ལད་ཅེས་པ་གོ་ཆ་དང་།།
ཕྲུ་མ་དམག་སྒར་སོགས་ལ་འཇུག།
རྔོ་མི་ཐོགས་ནི་མི་ནུས་པ།།
མཆིག་དང་མཆིག་གུ་ཡས་མས་གཏུན།།
ལྡོམ་བུ་བ་ནི་བསོད་སྙོམས་པ།།
འཁོས་ཁ་ཆུང་བ་ཁ་ཐབས་ཆུང་།།
ལག་གི་བླ་ནི་ལས་བྱེད་པ།།
འབྲོངས་པ་ཉེ་བར་བསྟེན་པ་དང་།།
དམུས་བྱུང་བ་ནི་ཡི་ཆད་པ།།
གམ་ནི་དྲུང་ངམ་མདུན་གྱི་དོན།།
གཏོལ་མེད་པ་ནི་རྒྱུས་མེད་པ།།
བྱས་པ་གཟོ་བ་དྲིན་གཟོ་བ།།
ལུས་མཚག་བཟང་བ་ལུས་ཉམས་རྒྱས།།
ག་གེ་ཡུལ་གྱི་སྤྱི་མིང་དང་།།
ཆེ་གེ་གང་ཟག་སྤྱི་ཡི་མིང་།།
སྡོང་གྲོགས་གྲོགས་ཀྱི་མིང་ཡིན་ནོ།།
བཀར་བཏགས་ཁྲིམས་བསྒྲགས་ཡོལ་གོ་སྣོད།།
བས་པ་ཟད་པ་མུ་ཅོར་རྫུན།།
བརྒྱད་བཀག་བཀའ་བཀྱོན་དམ་རྒྱ་ཁྲིམས།།
དབུ་རྨོག་དབུ་འཕང་བྱུར་མྱ་ངན།།
གཡར་དམ་དམ་བཅའ་ཉེ་རེག་ཁྲུས།།
བསྟི་བ་ངལ་གསོ་བཤུལ་ནི་ལམ།།
གོ་ར་བཙོན་ར་སྔོན་སྐྱེས་གཅེན།།
མཆིལ་བ་ལྕགས་ཀྱུ་རྗེས་སྐྱེས་གཅུང་།།
བརྐམ་པ་འདོད་ཆགས་དཀོར་ནི་ནོར།།
ཚམ་རྔམས་འཇིགས་སྟངས་གནམ་རུ་གཞུ།།
གཟོད་མ་དང་པོ་ཉག་ཕྲན་མདའ།།
གཅམ་བུ་བཅོས་མ་འཁུ་བ་འགྲན།།
བཀའ་མཆིད་གླེང་མོ་ཅོག་ནི་ཀུན།།
སླད་རོལ་ཕྱི་རོལ་བྲོ་ནི་མནའ།།
འཆེས་པ་ཁས་ལེན་འཆེལ་བ་ཞེན།།
དོ་ཀེར་ཐོར་ཅོག་དབྱིག་ནི་ནོར།།
སྒྲེན་མོ་གཅེར་བུ་འདྲེན་བྱེད་མིག།
རླིད་བུ་རྐྱལ་བ་བྲང་འགྲོ་སྦྲུལ།།
རེད་པ་གྲུབ་པ་རོད་པ་གོས།།
ཀྱལ་ཀ་ཀུ་རེ་ཉོད་པ་ཟས།།
གོར་མོ་སྡང་སེམས་གོར་མ་རྡོ།།
བསྐྲུན་པ་བསྐྱེད་པ་སྒྲུན་པ་འགྲན།།
བགམ་པ་ཉམས་སད་སྒམ་པ་ཟབ།།
སིམ་པ་བདེ་བ་སྨེ་སྡུག་བསྔལ།།
ལྟོ་འཕྱེ་ལྟོ་འགྲོ་འཕྱེ་བ་འགྲོ།།
བརྣབ་པ་འདོད་པ་བརྣག་པ་བསམ།།
བསྙེལ་བ་བརྗེད་དང་མཉེལ་བ་ངལ།།
འུབས་པ་འདུས་པ་སྟུག་པོ་འཐུག།
འཕྱར་གཡེང་རྣམ་གཡེང་གྱ་བ་ཉམས།།
བརྟུལ་བ་འཇམ་པ་རྩེན་པ་རོལ།།
ཅོ་འདྲི་མཐོ་མཚམས་རྩ་ལག་གཉེན།།
མཁྱུད་སྤྱད་མན་ངག་བདའ་བ་ཞིམ།།
རངས་པོ་རིལ་བོ་དབྲོག་ནི་འཕྲོག།
གྱ་ཚོམ་མ་བརྟགས་ཞུགས་ནི་མེ།།
དཀར་ཆག་ཐོ་ཡིག་འཛོལ་བ་འཆུག།
སྦྲེབས་པ་སྐེམ་པ་འདི་ཀོ་འདི།།
ཕྱག་བརྙན་འཁོར་གཡོག་འགེམས་པ་འཇོམས།།
ཐེར་ཟུག་འགྱུར་མེད་འཛེར་བ་ཟེར།།
ཞལ་ལྕེ་ཆད་པ་སྒོ་འཕར་སྒོ།།
ལྟག་འོག་གོང་འོག་འཛུད་པ་འཇུག།
འཁྲུན་རིང་དཀྱུས་རིང་ཟང་ཟིང་ནོར།།
བཟའ་ཚོ་བཟའ་མི་གནའ་ནི་སྔོན།།
སུག་པ་ལག་པ་རོ་འཛིན་ལྕེ།།
དྲི་བསུང་དྲི་ཞིམ་དངགས་ནི་ངག།
གཙུག་ལག་སྡེ་སྣོད་ལེགས་བྲིས་ལྷ།།
ཚི་གུ་འབྲས་བུ་བསྙུན་ནི་ནད།།
ཟིལ་དངར་བདུད་རྩི་ཀུན་གསལ་མཁའ།།
དཀོས་ཐག་ཉམ་ཐག་ཆུ་འཛིན་སྤྲིན།།
ཕྱི་མོ་རྩ་བ་ཉལ་འགྲོ་ཆུ།།
གཏིང་ཕྱིན་དཔྱིས་ཕྱིན་དྲི་བཞོན་རླུང་།།
གསེག་ཤིང་འཁར་གསིལ་ཟོལ་ནི་སྒྱུ།།
གྱིམ་ཤིང་རོལ་མོ་ཀ་ཆའང་ནོར།།
མི་ངས་རིམས་ནད་དབང་གཞུ་འཇའ།།
ཕོ་ལོང་གྲུ་གུ་དཔྱ་ནི་ཁྲལ།།
བཀྲམས་པ་འདམས་པ་ཆུ་མཐོངས་གནམ།།
ཉེར་བསྡོགས་སྟ་གོན་སྲེག་ཟ་མེ།།
ལག་ལྡན་གླང་ཆེན་བལ་ལྡན་ལུག།
བཀུམས་པ་བསད་པ་འགུམ་པ་འཆི།།
ནན་ཏུར་ནན་ཏན་སྤྲིན་བཅུད་ཆར།།
དལ་བ་ཁོལ་བོའི་མིང་ཡིན་ནོ།།
དོན་གཅིག་མིང་གཉིས་ཙམ་གྱིས་བསྟན།།
གཉིས་པོ་ཕན་ཚུན་གཞི་མཐུན་དུ།།
རྣམ་དབྱེ་དྲུག་པས་བསྟན་ཏེ་དཔེར།།
བཤད་པ་སྦྲོན་པ་སྦྲན་པ་ནི།།
བཤད་པའི་མིང་ཡིན་དེ་བཞིན་དུ།།
འོག་མ་རྣམས་ལ་སྦྱར་བར་བྱ།།
ངོམས་པའི་སྤྱོམས་དང་བསྡིགས་པའི་སྤྱོས།།
དམན་པའི་གྱི་ན་བདེན་པའི་མད།།
འགྲོ་བའི་འདོང་དང་བཞུགས་པའི་གཞེས།།
བཅོམ་པའི་བཅིལ་དང་ཞིག་པའི་དྲལ།།
འཁྱོགས་པའི་ལྡེམ་པོ་འཇིགས་པའི་བསྙེངས།།
བརྗེད་པའི་བསྐྱུད་དང་བསྐྲད་པའི་སྤྱུགས།།
བརྩོན་པའི་བརྟུན་པ་འགྱངས་པའི་བུལ།།
ཆུང་ངུའི་བསྐྱུངས་དང་ཁུང་བུའི་རླུབས།།
བཟང་པོའི་བསོད་པ་ཉེས་པའི་ནོངས།།
བྱིན་པའི་བསྟབས་དང་མཆོད་པའི་བརྔན།།
འཁྲིད་པའི་བཀྲི་བ་ཁྲོ་བའི་བཀྱོན།།
སོང་བའི་བྱེར་དང་འགྲོ་བའི་འབྱེར།།
སྦེད་པའི་འཆབ་དང་སྦས་པའི་བཅབས།།
གཡར་བོའི་བརྙན་པོ་ལེན་པའི་ནོད།།
དབུལ་བའི་བཀྲེན་པ་སྟ་ཟུར་དཔྱི།།
དེས་པ་འཇམ་པ་སོགས་ལ་འཇུག།
དཔལ་གྱི་དབང་ཐང་ཆེ་བ་ནི།།
བསོད་ནམས་སྐལ་བ་ཆེ་བའི་མིང་།།
ཉེ་ཞོ་མེད་པ་སྐྱོན་མེད་པ།།
གྱ་ནོམ་པ་ནི་ཕུན་སུམ་ཚོགས།།
སྒྲིན་པོ་མཁས་པའི་མིང་ཡིན་ནོ།།

སྨྲས་པ།
གསར་རྙིང་བརྡ་དང་རྒྱ་བོད་སྐད།།
མངོན་བརྗོད་ལ་སོགས་ཤེས་འདོད་ཀྱང་།།
དོན་གཅིག་ཉིད་ལ་མིང་མཐའ་ཡས།།
མིང་གཅིག་ཉིད་ཀྱིས་དོན་མང་སྟོན།།
དེའི་ཕྱིར་བདག་འདྲས་གཏིང་མི་དཔོག།
འོན་ཀྱང་མིང་གི་ཆ་ཤས་རྣམས།།
མ་རྟོགས་བར་དུ་དེ་དག་ལ།།
བརྟེན་པའི་ཚིག་ཕྲད་སྦྱོར་མི་ཤེས།།
དག་ཡིག་རྣམས་ཀྱང་མཐུན་དཀའ་ན།།
མཁས་པས་གཙོ་བོར་འཛིན་པ་ཡི།།
དག་ཡིག་ཟ་མ་ཏོག་བཞིན་དུ།།
འཕུལ་དང་མཐའ་རྟེན་སྦྱོར་ཚུལ་དང་།།
ར་ལ་ས་ཡི་མགོ་ཅན་དང་།།
༈ ར་མགོ་བཅུ་གསུམ།
རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་རླའོ།།
ལ་མགོ་བཅུ་ནི།
ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷའོ།།
ས་མགོ་ཅན་བཅུ་གཉིས་ནི།
སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སླའོ།།
ཡ་ར་ལ་ཡི་སྨད་འདོགས་སོགས།།
ཡ་བཏགས་བདུན་ནི།
ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱའོ།།
ར་བཏགས་བཅུ་གཅིག་ནི།
ཀྲ་ཁྲ་གྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲའོ།།
ལ་བཏགས་ལྔ་ནི།
ཀླ་གླ་བླ་ཟླ་སླའོ།།
དེ་རྣམས་སྦྱོར་ཚུལ་ཤེས་པ་གཅེས།།
       བརྡ་གསར་རྙིང་དང་མངོན་བརྗོད་སོགས་ཀྱི་མིང་སྣ་ཚོགས་བསྟན་པའི་སྡེ་ཚན་ཏེ་བཞི་བའོ། །

སྨྲས་པ།
མིང་བརྡའི་དབྱེ་བ་འགའ་ཞིག་ནི།།
གོ་ཐོབ་ཙམ་དུ་བརྟེན་པ་སོགས།།
འདི་ལ་ནོར་འཁྲུལ་ཅི་མཆིས་པ།།
མཁས་པའི་སྤྱན་སྔར་བཤགས་པར་བགྱི།།
བློ་ལྡན་མཁས་པའི་གསུང་རབ་ལ།།
བློ་ཡིས་དཔྱད་དེ་བྲིས་པ་འདི།།
བློ་སྤྱན་ཡངས་པའི་གྲོགས་དག་གི།
བློ་དང་རིག་པ་འཕེལ་ཕྱིར་སྦྱར།།
འདི་རུ་མ་བྲིས་གཞན་རྣམས་ཀྱང་།།
འདི་བཞིན་སྦྱར་ན་རྟོགས་པར་སླ།།
འདི་ཡིས་མཚོན་པའི་དགེ་ཚོགས་མཐུས།།
འདི་ཕྱིའི་དོན་ཆེན་མྱུར་འགྲུབ་ཤོག།
       ཅེས་པ་འདི་ནི་རབ་འབྱམས་པ་སྨྲ་བའི་དབང་ཕྱུག་འཇམ་དབྱངས་བློ་གྲོས་དང་། དོན་གཉེར་ཅན་གྱི་དགེ་སློང་གསུམ་དང་བཅས་པས་འདི་ལྟ་བུ་ཞིག་བགྱིས་ན་ངེད་ཅག་རྣམས་ཀྱིས་པར་དུ་བསྒྲུབ་ཅེས་ནན་གྱིས་བསྐུལ་བའི་ངོར་རབ་བྱུང་བཅུ་བཞི་བའི་ནང་ཚན་དབང་ཕྱུག་ཅེས་པ་མེ་གླང་གི་ལོའི་ས་ག་ཟླ་བའི་ཡར་ཚེས་ལ་དགེ་འདུན་ཤེས་རབ་ཀྱིས་སུག་བྲིས་སུ་བགྱིས་ཏེ། དགའ་ལྡན་བཀྲ་ཤིས་འབྱུང་གནས་རྭ་རྒྱ་དགོན་པར་པར་དུ་བསྒྲུབས་པའོ།། །།


དག་ཡིག་འདི་རྩོམ་པ་པོ་ངོ་སྤྲོད།
       བཀའ་བཅུ་དགེ་འདུན་ཤེས་རབ་ཁོང་ནི་དུའ་རབས་བཅོ་བརྒྱད་པའི་ནང་དུ་མདོ་སྨད་ཀྱི་འབྲོག་སྡེ་ཆེན་པོ་སྦྲ་ནག་རྐང་ཚའི་ཡུལ་དུ་འཁྲུངས། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་གསལ་བོ་མ་རྙེད། བདེ་ཆེན་དང་རྭ་རྒྱ་དགོན་ཆེན་སོགས་ནས་སློབ་གཉེར་གནང་། རིམ་པར་དབུས་སུ་ཕེབས་ཤིང་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བཞུགས།
       དེ་རུ་སློབ་གཉེར་མཐར་ཕྱིན་མཛད་རྗེས་ཕྱིར་རང་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་ཕེབས།རང་དགོན་གྱི་སྨད་རྒྱུད་གསང་སྔགས་གྲྭ་ཚང་གི་བླ་མ་དབུ་མཛད་གནང་ནས་གྲྭ་ཚང་གི་བསླབ་པ་སློབ་གཉེར་སོགས་ཀྱི་ཐད་འཛིན་སྐྱོང་བླ་མེད་གནང་། མ་ཎི་ཟླ་ཆོས་ཁ་ཤས་བཟུང་བའི་རིང་རིལ་བུ་འཕུར་བ་སོགས་ཀྱི་རྟགས་མཚན་ཁྱད་པར་ཅན་ཐོན། ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་པའི་དབྱངས་བསྒོམས་སྒྲུབ་མཛད་པ་ལ་བརྟེན་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་དངོས་སུ་བྱུང་།
       སྤྱི་ལོ༡༨༡༧ལོར་དག་ཡིག་རྣམས་ཀྱི་ཟུར་འདེབས་ལེགས་བཤད་མཁས་པ་དགྱེས་བྱེད་བདུད་རྩིའི་མཆོས་སྤྲིན་རྣམ་དག་ཅེས་པ་ཡོངས་གྲགས་སུ་རྭ་རྒྱའི་དག་ལྷབ་ཏུ་འབོད་པ་འདི་བརྩམས་གནང་ཞིང་། རིམ་པར་དག་ཡིག་ཉུང་སེལ་སྒྲོན་མེ་དང་སུམ་རྟགས་དོན་འགྲེལ་མེ་ཏོག་ཕྲེང་འཛིན་སོགས་མཛད་པས་བྱིན་རླབས་ཀྱིས་རང་དྲོད་མ་ཡལ་བར་ཡོད་ཅེས་ཡོངས་སུ་གྲགས། རྭ་རྒྱའི་དག་ལྷབ་སོགས་ནི་བརྡ་སྤྲོད་སྨྲ་བའི་འབེབས་སྟེགས་ལྟ་བུ་ཞིག་ཡིན་པས་དམ་པ་གོང་མ་མང་པོས་ཐུགས་གཉེར་གྱི་ཐོག་མ་འདི་དག་ལ་བྱས་ཤིང་དེ་ལ་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་དུ་མ་ཡོད་གསུངས།
       དེ་ལྟར་བཀའ་བཅུ་བ་དགེ་འདུན་ཤེས་རབ་ཁོང་གིས་འཇམ་མགོན་ཤིང་བཟའ་རིན་པོ་ཆེར་མདོ་སྔགས་གཉིས་ཀྱི་གཞུང་ཕྱོགས་ནས་དྲི་བ་ཕུལ་ཞིང་དྲིས་ལན་དང་བཅས་ཡི་གེར་འཁོད་པ་རེའང་ཡོད་པར་གྲགས་མོད་ད་སྔ་སོན་མ་བྱུང་བ་ནི་ཅི་འདྲའི་ཕངས་སེམས་སྐྱེ་བ་ཞིག་མ་རེད་དམ། ད་དུང་ཁོང་གིས་རང་དགོན་དུ་སངས་རྒྱས་སྟོང་སྐུའི་ཐང་ཀ་ཚར་གཉིས་དང་བྲིས་འབུར་གྱི་སྐུ་བརྙན་མང་དུ་བཞེངས་བསྐྲུན་མཛད། སྣར་ཐང་ནས་བཀའ་འགྱུར་གཉིས་གདན་དྲངས་ཤིང་དེ་དག་ནང་བཞུགས་ཀྱི་ལྷ་ཁང་བཞི་བཞེངས་ཏེ་གཞུང་ལ་ཕུལ་བ་སོགས་མཛད་པ་ངོ་མཚར་ཅན་མང་དུ་བསྐྲུན་པ་ལགས།

ནང་དོན་ཡོང་ཁུངས། ཙོང་ཁའི་གཟི་འོད་འཕྲིན་སྟེགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号