དྲུག་གཅིག་བྱིས་པའི་དུས་ཆེན་བསུ།

གངས་ཆབ་ལྷ་སྲས། 

གཅེས་ཕྲུག་ཚོ།

ཁྱེད་ཚོ་ནར་སོན་པའི་གོ་རིམ་ཀློང་ནས་འཚོ་གནས་ཀྱི་དབང་ཆ་ལྡན་ཕྱིར་དུ། རྨི་ལམ་དང་འདྲ་བའི་མཚར་སྡུག་གི་ཉིན་མོ་ཞིག་བསྐྲུན་ཡོད་པ་འདིས། དྭངས་གཙང་གི་སེམས་གཤིས་སྔར་ལྟར་ལྷད་མེད་པར་མངོན་ཐུབ་པར་གདོང་གྲོགས་མཛད་ངེས། ན་ཚོད་ཀྱིས་བཏེགས་པའི་མེ་ལོང་ངོས་སུ་མ་འོངས་བའི་ལོ་ཟླ་དང་ལོ་ཟླའི་འགྱུར་བག་གི་གསེབ་ཏུ་བསྐུངས་བའི་དཀའ་སྡུག་ལ་ངོ་རྒོལ་བྱེད་ཐུབ་པའི་ཐབས་རྩལ་བསྟན་ཡོད་ངེས། རང་གི་སྣང་བའི་མཐུན་ཕྱོགས་སུ་གོམ་ཁ་བསྒྱུར་ཏེ་འཇིག་རྟེན་གསར་པ་ཞིག་གི་པང་སྟེང་དུ་རྨི་ལམ་སྣ་ཚོགས་ཀྱི་གཟུགས་རིས་ཕབ་པར་རོགས་དན་བྱེད་ངེས། རེ་བས་ཁེངས་པའི་ཁྱེད་ཅག་ལ་སྤོབས་སེམས་དང་སྙིང་རུས་བརྩོན་སྟོབས་ཀྱི་བྱིན་རླབས་བསྩལ་ངེས།

དེ་བས། དེ་རིང་གི་ཉིན་མོ་ནི་ཧ་ཅང་དམིགས་བསལ་ཞིག་ཡིན་སྟབས། དམིགས་བསལ་ངང་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་དགོས་ཡོད།

གཅེས་ཕྲུག་ཚོ།

ཁྱེད་ཚོ་མ་ཡུམ་སློབ་གླིང་ནས་ཉིན་རེ་བཞིན་ལང་ཚོའི་ཁོ་ལག་དལ་གྱིས་རྒྱས་པར་བསྟུན་སློབ་གསོ་མྱོང་བའི་དབང་ཆ་ལྡན་ཕྱིར་དང་བྱ་བ་གང་ཡིན་ལོངས་སུ་སྤྱད་པར་དཔུང་གཉེན་བྱེད་པའི་ཉིན་མོ་འདིས། ཤེས་རིག་གི་ཚལ་དུ་བག་ལྷོད་ཀྱིས་རྒྱུ་བའི་དུས་སྐབས་སུ་ངན་རིགས་ཀྱི་རྒུད་པ་མཐའ་དག་སེལ་བར་བྱེད་ཅིང་ལེགས་པའི་དོན་བྱ་གང་ཞིག་མཐུན་རྐྱེན་གྱི་དཔལ་ཡོན་ཀུན་ཏུ་འཕེལ་ཕྱིར་ལམ་སྟོན་གནང་ངེས། འབྱུང་འགྱུར་གྱི་མ་འོངས་པར་མདུན་གྱི་ལམ་ཁྲོད་དུ་མུན་ནག་སྟུག་པོ་འཁྲིགས་ཤིང་རང་ལམ་མི་རྙེད་པའི་འཕྲལ་དུ་ཤེས་རིག་གི་ཉི་ཟླ་རིམ་གྱིས་ཤར་ནས་རྨོངས་པའི་སྨག་རུམ་གྱི་རྔམ་རྫོང་སྐད་ཅིག་ཏུ་སིལ་བོར་གཏོར་རོགས་བྱེད་ངེས། སྙིང་ཉེ་བའི་ན་ཆུང་བྱིས་པ་ཚོ།ཉིན་མོ་འདི་ནི་རྩེད་རིགས་ཀྱིས་གྲུབ་པའི་དུས་ཆེན་ཞིག་ལ་ངོས་བཟུང་མི་བྱེད་པར། སྐུལ་ལྕག་དང་རེ་བཞག་མང་པོས་རྨང་ནས་བསྐྲུན་པའི་དུས་ཆེན་ཞིག་ཡིན་པ་སེམས་ལ་འཛིན་རོགས།

གཅེས་ཕྲུག་ཚོ།

རྒྱབ་ཁབ་གཅིག་ལ་མཚོན་ན་ཁྱེད་ཅག་ནི་མ་འོངས་པའི་རེ་ལྟོས་བཅའ་སའི་ཡུལ་ཁམས་ཆེན་མོ་དེ་ཉིད་ཀྱི་ཤུལ་བཞག་འཛིན་མཁན་བུ་ཚ་ཕྱི་རབས་པ་དག་ཡིན། མི་རིགས་ཤིག་ལ་མཚོན་ན།མི་རིགས་འདི་ཉིད་དར་རྒུད་གང་ཞིག་འབྱུང་མིན་གྱི་རིགས་རྒྱུད་འཕེལ་འགྲིབ་ཀྱི་རྩ་བ་རྣལ་མ་ཁྱེད་ཚོའི་ཕྲག་ཏུ་ལྷུང་ཡོད་ཕྱིན། ཕ་མ་དང་དགེ་རྒན།རྒྱབ་ཁབ་དང་མི་རིགས་ཤིག་གི་ཡིད་ཀྱི་ཁེན་ས། མིག་གི་འཚོ་ཡུལ། དོན་གྱི་ཚེ་ནོམ་དེ་ཁྱེད་ཚོ་ཅི་ལ་མིན། དེ་བས་དེ་རིང་གི་དུས་ཆེན་འདི་ཁྱེད་ཅག་གིས་སྤྲོ་དགས་རོལ་ཞིང་། རེ་བ་དང་ཡིད་ཆེས་ཕུགས་བསམ་དང་རྨི་ལམ་གསར་པ་ཞིག་ཡོད་པའི་སྒོ་ནས་མུ་ནས་མདུན་དུ་བསྐྱོད་དགོས།

གཅེས་ཕྲུག་ཚོ།

དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号