གསང་བའི་སྒྲོམ་ཆུང་ནང་གི་མུ་ཏིག

དུར་སྲི།

1

ང་འདི་ལྟར་གན་རྐྱལ་དུ་ཉལ་ནས་སུ་ཞིག་གིས་ངའི་ཁང་པའི་སྒོ་མོ་བརྡུང་ཡོང་བར་རེ་སྒུག་བྱས། དེ་ནི་ཆར་ཆུ་དཀོན་པའི་ལོ་ཟླ་ཞིག་ལ། ལག་པ་སེར་ཀས་ཁེངས་པའི་ཞིང་པ་ཞིག་གིས་ཆར་ཆུ་འབབ་པར་སྒུག་པ་བཞིན་རེ་བཞག་དང་སྨོན་འདུན་གྱིས་ཡོངས་སུ་ཁེངས་པ་ཞིག་རེད། ངས་དེ་ལྟར་མི་ལོ་སུམ་ཅུ་ཙམ་ལ་ཁང་སྟོང་འདིའི་སྒོ་མོ་རྡུང་མཁན་གྱི་མི་ཞིག་ལ་རེ་སྒུག་བྱས་ནས་བསྡད། ང་རང་ནང་དུ་ཡོད་པས་ཁང་པ་འདི་ཁང་སྟོང་རེད་ཟེར་ན་མི་འགྲིག་པ་འདྲ་མོད། ཁང་པ་ཞིག་གི་ནང་དུ་མི་གཅིག་རང་ལས་མེད་ཚེ། དེ་ནི་དངོས་གནས་ཁང་སྟོང་ཞིག་དང་ཨ་ན་མ་ན་རེད། དེ་ལ་ཁང་སྟོང་མ་ཡིན་པའི་ཁྱད་ཆོས་དང་གསོན་ཉམས་གང་ཡང་མི་འདུག དེ་བས་ལོ་འདི་དག་གི་རིང་ལ་ངས་ཁང་སྒོ་རྡུང་མཁན་གྱི་མི་ཞིག་ལ་རེ་སྒུག་བྱས་ནས་བསྡད།ཁང་སྒོ་རྡུང་མཁན་དེ་ནི་སྐྱེས་པ་ཞིག་ཡིན་ཡང་ཆོག་ལ་སྐྱེས་མ་ཞིག་ཡིན་ཡང་འཐུས། གྲྭ་པ་ཞིག་ཡིན་ཡང་ཆོག་ལ་བཙུན་མ་ཞིག་ཡིན་ཡང་རུང་། ཉེ་མི་ཞིག་ཡིན་ཡང་ཆོག་ལ་རྒྱུས་མེད་ཀྱི་མི་ཞིག་ཡིན་ཡང་ཉན། དར་མ་ཞིག་ཡིན་ཡང་ཆོག་ལ་རྒས་པོ་ཞིག་ཡིན་ཡང་བླ། གང་ལྟར། མི་དེས་ངའི་ཁང་པའི་སྒོ་མོ་ཁྲོག་ཁྲོག་ཏུ་བརྡུངས་ནས་མི་ལོ་སུམ་ཅུ་ཙམ་ལ་ཞོ་བཞིན་བསྙལ་ཡོད་པའི་ཁང་སྟོང་འདིའི་ལྷིང་འཇགས་དེ་དཀྲོགས་པས་འགྲིག ངས་མི་ལོ་སུམ་ཅུའི་རིང་ལ་དེ་ལྟར་གཟབ་ནན་གྱིས་རྣ་བ་བླགས་ནས། སུ་ཞིག་གིས་ཁང་སྟོང་འདིའི་སྒོ་མོ་ཁྲོག་ཁྲོག་ཏུ་བརྡུང་ཡོང་བར་རེ་སྒུག་བྱས་ནས་བསྡད། དེ་རིང་ཡང་རྣམ་ཀུན་དང་འདྲ་བར་ང་རང་མལ་ཁྲི་རུ་གན་རྐྱལ་དུ་ཉལ་ནས་སུ་ཞིག་གིས་ཁང་སྟོང་འདིའི་སྒོ་མོ་ཁྲོག་ཁྲོག་ཏུ་བརྡུང་ཡོང་བར་རེ་སྒུག་བྱས་ནས་བསྡད།

 2

 “ཁྲོག  ཁྲོག  ཁྲོག”

བདེ་སྐྱོང་དབང་མོས་ང་རང་རྟ་རྒན་གཡུང་མ་ཞིག་དང་འདྲ་བར་བཞོན་ནས། ངའི་ལུས་སྟེང་ལ་འགྲོས་སྙོམ་པའི་ཡར་འདེགས་མར་འདེད་ཀྱི་ལས་ལ་བྲེལ་བཞིན་པའི་སྐབས་དེར། གློ་བུར་དུ་ངེད་ཚང་གི་ཁང་པའི་སྒོ་མོ་བརྡུངས་བྱུང་། སྒོ་བརྡུངས་པའི་སྒྲ་ལ་འཇམ་གཤིས་དང་གུས་ལུགས་རིགས་ཤིག་གིས་ཁེངས་འདུག ཡིན་ན་ཡང་། སྒོ་བརྡུངས་པའི་སྒྲ་དེ་ངེད་གཉིས་ཀྱི་རྣ་ལམ་དུ་གསལ་པོར་ལྷུང་བྱུང་།མོས་དེ་མ་ཐག་རྒྱུག་ཕྲུག་ཅིག་རྟ་རྒྱུག་ལས་དམིགས་སར་སླེབས་པ་ཇི་བཞིན་ངའི་ལུས་སྟེང་ནས་མྱུར་ཏུ་མར་ལྡིང་སྟེ། ངའི་ལག་པའི་གྲུ་ཁུག་དམ་པོར་བསྡམས་ཏེ་སྐད་ཆུང་ངུས“སུ་རེད། སུ་རེད”ཟེར། ངས་མོ་ལ་ལན་ཅི་ཡང་མ་བཏབ། ང་རང་བདེ་སྐྱིད་ཀྱི་རོལ་རྩེད་དེའི་མཇུག་སྐྱོང་མ་ཐུབ་པར་མོའི་སྟེང་ལ་ཞེ་སྡང་ཞིག་ལངས། ཞེ་སྡང་དེ་ངའི་ལུས་ཀྱི་རྩ་ལམ་སོ་སོ་བརྒྱུད་ནས་ཐོན་ཏེ། ངའི་ངོ་གདོང་དང་རྣམ་འགྱུར་ལས་ཕྱིར་འཕོས། ངའི་སེམས་ལ་མོ་དེ་འདྲ་ཞིག་སྐྲག་དགོས་དོན་ཡོད་དམ། ངས་ཀྱང་ལས་གང་ཞིག་འཚག་ལ་འཚག་ལ་ཡིན་བསམས། ཚོར་བ་དེ་དངོས་གནས་སྐྱིད་པོ་ཞིག་མ་རེད། དེ་ནི་གཉིད་སྐྱིད་པོ་ཞིག་ཁུགས་ནས་རྨི་ལམ་སྐྱིད་པོ་ཞིག་རྨི་བཞིན་པའི་སྐབས་སུ་གློ་བུར་དུ་དཀྲོགས་པའམ་རྟ་རྒོད་ཅིག་གིས་ཐང་ལ་བརྡབས་པ། ཡང་ན། དེ་ལས་ཀྱང་སྡུག་པའི་ཚོར་བ་ཞིག་རེད།

མོས་སླར་ཡང“ཁྱོད་ཀྱི་ཆུང་མ་ཕྱིར་སླེབས་པ་ཨེ་ཡིན་ནམ”ཟེར།

ངའི་སེམས་སུ་ཆུང་མ་ནི་ཡིན་མི་སྲིད། མོ་རང་ཉིན་འགའི་སྔོན་ལ་ཧྲང་ཧའེ་རུ་སློབ་སྦྱོང་ལ་བུད་སོང་། ཉིན་བཅོ་ལྔ་ལྷག་ལ་དེ་གར་སློབ་སྦྱོང་བྱེད་དགོས། ཆུ་ཚོད་ཁ་ཤས་ཀྱི་སྔོན་དུ་ངེད་གཉིས་ཀྱིས་ད་དུང་བརྙན་ལམ་ནས་ཁ་བརྡ་བྱས་པ་ཡིན། མོས་མགྲོན་ཁང་ནང་དུ་ངལ་གསོས་འདུག མོ་ཡིན་མི་སྲིད། གལ་ཏེ་མོ་ཡིན་པའི་དབང་དུ་བཏང་ན་ཡང་། མོས་ཁང་སྒོ་དལ་གྱིས་བརྡུངས་ནས་སྒོའི་ཕག་ཏུ་ཁུ་སིམ་མེར་སྡོད་མི་སྲིད། མོས་རང་གི་ལག་པའི་མཛུབ་རིས་སྤྱད་དེ་ཁང་སྒོའི་གསང་ཟྭ་ཕྱེ་ནས་ནང་དུ་དལ་ལྷོད་ལྷོད་ཀྱིས་སླེབས་ཡོང་ངེས། ཁྱིམ་དུ་སླེབས་པ་ན་ངག་འཇམ་པོས་ངའི་མིང་ནས་འབོད་ངེས། མོ་ནི་དེ་ལྟར་དལ་ལྷོད་ལྷོད་ཀྱིས་ཡོང་ནས་དལ་ལྷོད་ལྷོད་ཀྱིས་འགྲོ་མཁན་ཞིག་ཡིན། མོའི་གཤིས་ཀ་ལ་དལ་ཞེས་པའི་ཡིག་འབྲུ་དེས་ཡོངས་སུ་ཁྱབ་ཡོད། མོ་རྣམ་ཀུན་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ། དལ་ལྷོད་ལྷོད་ཀྱིས་ཁ་ལག་བཀྲུ་བ་དང་། དལ་ལྷོད་ལྷོད་ཀྱིས་ཞོགས་ཟས་བཟོ་བ། དལ་ལྷོད་ལྷོད་ཀྱིས་གྱོན་པ་གྱོན་ཞིང་། དལ་ལྷོད་ལྷོད་ཀྱིས་ལས་ཚོགས་སུ་འགྲོ། ཐ་ན་ནུབ་མོར་མལ་དུ་ཉལ་རྗེས་ཀྱི་ལས་དང་གནས་སྐབས་དག་ཏུའང་མོའི་ཁ་བཀོད་བཞིན་དལ་ལྷོད་ལྷོད་ཀྱིས་ཡོང་དགོས་པ་ཞིག་ཡིན། དེ་ལས་ལྡོག་སྟེ། ང་ནི་མི་ཤིན་ཏུ་བྲེལ་འཚུབ་ཅན་ཞིག་ཡིན། ང་མོ་ལྟར་ཞོགས་པ་སྔ་མོ་ནས་ཡར་ལངས་མི་ཐུབ་ཀྱང་། ཆུ་ཚོད་བརྒྱད་པ་ཙམ་ལ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཡར་ལངས་ནས། བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁ་ལག་བཀྲུ་བ་དང་། བྲེལ་བྲེལ་འཚུབ་འཚུབ་ཀྱིས་གྱོན་གོས་གྱོན་པ། བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཞོགས་ཟས་ཟ་བ་དང་། བྲེལ་བྲེལ་འཚུབ་འཚུབ་ཀྱིས་ལས་ཚོགས་སུ་འགྲོ་བ་ཡིན། ཐ་ན་ལམ་བར་དུ་གློག་དམར་ཞིག་ལ་སྒུག་པར་ཡང་བྲེད་ཤ་གཏིང་ནས་ལངས་ཡོང་། ངེད་གཉིས་དེ་ལྟར་མེ་ཆུ་བཞིན་ཕན་ཚུན་མཐུན་ཐབས་མེད་པར་འགལ་བ་ལྟག་སྤྲོད་ཀྱི་ཚུལ་དུ་ཡོད་པའི་མི་གཉིས་ཁྱིམ་གཅིག་གི་གཞི་རུ་འདྲིས་ནས་སོ་སོར་དབྱེ་རུ་མེད་པར་མི་ལོ་བཅུ་ལྷག་འགོར་སོང་།

ངའི་སེམས་སུ་མོ་ཡིན་མི་སྲིད་ན་ཡང་། མོས་སྒོ་བརྡུངས་ན་ཡང་འདི་འདྲའི་འཇམ་པོ་དལ་མོ་ཞིག་ཡིན་ངེས་སྙམ། འོ་ན་མོས་ད་ལྟ་ཅི་ཞིག་བྱེད་བཞིན་ཡོད་དམ། མོས་ཀྱང་ང་ནང་བཞིན་ང་ལ་ངལ་གསོ་རྒྱུ་ཡིན་ཞེས་ཁ་པར་བཞག་རྗེས། སུ་ཞིག་གམ་དུ་བོས་ནས་ངེད་གཉིས་དང་འདྲ་བར་འདི་ལྟར་གཅིག་གིས་གཅིག་ལ་འཁྱུད་ནས་ཡོད་སྲིད་དམ། མོ་དེ་འདྲ་ཞིག་མིན། མོ་ནི་བུ་མོ་མགོ་ལྗིད་པོ་རང་ཚུགས་སྲ་མོ་ཡོད་མཁན་ཞིག་ཡིན། མོས་ང་ལ་ཁྲེལ་མེད་དེ་འདྲ་བྱེད་མི་སྲིད།

ངའི་སེམས་སུ་སླར་ཡང་མོ་གློ་བུར་དུ་ཕྱིར་སླེབས་ནས། ལག་པའི་མཛུབ་རིས་ཀྱིས་ཁང་སྒོའི་གསང་ཟྭ་དབྱེ་མ་ཐུབ་པར། སྒོ་བརྡུངས་པ་ཡིན་སྲིད་དམ་སྙམ། དཔེ་མི་སྲིད། དེ་འདྲ་ཞིག་ཡིན་ག་ལ་སྲིད་ཨང་། དེ་འདྲ་ཡིན་ན་ཐོག་མར་མོས་ང་ལ་ཁ་པར་བཏང་ནས་རང་ཉིད་ཕྱིར་སླེབས་ཚུལ་བཤད་སྲིད། ཁ་པར་མ་བཏང་ན་ཡང་མོས་སྒོ་མ་བརྡུངས་སྔོན་ལ་ངའི་མིང་ནས་འབོད་སྲིད། མོས་ངའི་མིང་ནས་བོས་ཀྱང་། ངེད་གཉིས་དགའ་མགུར་རོལ་བའི་སྒང་ལ་མ་ཐོས་པ་ཡིན་ཨེ་སྲིད། དཔེ་མི་སྲིད། དེ་ལྟར་ཡིན་ན་ངེད་གཉིས་ཀྱིས་སྒོ་བརྡུངས་པའི་སྒྲ་ཡང་གོ་དགོས་དོན་མི་འདུག་ཨང་། དེ་བས་ངས་མོ་ལ“དཔེ་མི་སྲིད། དཔེ་མི་སྲིད། མོ་ཧྲང་ཧའེ་རུ་ཡོད་པ་རེད”ཅེས་བཤད།

3

སྒོ་རྡུང་མཁན་དེའི་སྒོ་བརྡུངས་པའི་སྒྲ་ཤིན་ཏུ་ཆུང་བ་དང་། སྒོ་བརྡུངས་པར་གུས་ལུགས་དང་འཇམ་མཉེན་གྱིས་ཁེངས་འདུག་པས། སྒོ་རྡུང་མཁན་དེ་བུ་མོ་ཞིག་ཡིན་པ་འདྲ། གཟུགས་པོ་ཤིན་ཏུ་ཕྲ་ལ། ལུས་སྟོབས་ཡོངས་སུ་ཟད་པའི་བུ་མོ་ཞིག་ཡིན་པ་འདྲ། མོས་སྒོ་བརྡུངས་པ་ལ་སྟོབས་ཤུགས་ཅི་ཡང་མི་འདུག འོ་ན། མོ་སུ་ཞིག་ཡིན་སྲིད་ཨང་། བུ་མོ་དེ་ལམ་ནོར་ཐེབས་ནས་ངེད་ཚང་གི་སྒོ་བརྡུངས་པ་ཡིན་ཡང་སྲིད་ལ། བུ་མོ་དེ་ངེད་ཀྱི་ཁྱིམ་མཚེས་ཤིག་ཡིན་ཡང་སྲིད། དེ་བས་མོ་དངོས་གནས་དེ་འདྲ་ཞིག་སྐྲག་དགོས་དོན་མི་འདུག་ཨང་།

ད་ནི་ཡུན་རིང་ལ་སྒོ་འགྲམ་དུ་གྲག་འགུལ་ཅི་ཡང་མི་འདུག་པས། བདེ་སྐྱོང་དབང་མོ་ཡང་ཅུང་ཟད་ལྷོད་ལ་བབས་འདུག མོའི་གདོང་ལ་ཞི་འཇམ་དང་རེ་བ་མ་རྫོགས་པའི་རྣམ་འགྱུར་ཞིག་གིས་ཡོངས་སུ་བཟུང་འདུག ཐོད་པ་དང་སྐྲ་གསེབ་ནས་རྔུལ་ཆུ་ཅུང་ཟད་འཛུམ་བཞིན་འདུག མོས་རྟེན་མ་ཡི་མལ་ཐུལ་རང་གི་སྟེང་དུ་ཡར་མི་འཐེན་པར་མར་དེད་ནས། དེ་ལྟར་གོས་མེད་གཅེར་བུ་རུ་བློ་བདེ་བག་ཕེབས་ངང་ཉལ་འདུག མོའི་ཤ་མདོག་ནི་མོ་རང་གི་མགུལ་གྱི་མུ་ཏིག་དེ་ནང་བཞིན་དཀར་སིང་ངེར་བྱེད་ཅིང་། མགུལ་གྱི་མུ་ཏིག་དེས་ངའི་དྲན་འཛིན་གྱི་གཤོག་པའི་སྣེ་མོ་ནས་བཟུང་སྟེ། ང་རང་འདས་ཟིན་པའི་དུས་ཚོད་ཅིག་གི་ཀློང་དུ་ཡང་ཡང་འཐེན།

སྐབས་དེར་ངེད་གཉིས་ནི་སྨད་ཨ་མདོའི་ཕྱོགས་ནས་སྟོད་ཉི་མ་ལྷ་སར་སློབ་སྦྱོང་དུ་ཡོང་བའི་སློབ་གྲྭ་ཆེན་མོའི་སློབ་མ་གཉིས་ཡིན། ངེད་གཉིས་དེ་ལྟར་མི་ལོ་བཞི་ལ་བཟའ་ཚང་རྙིང་པ་ཞིག་དང་འདྲ་བར་མཉམ་འགྲོ་མཉམ་འདུག མཉམ་ཉལ་མཉམ་ལངས་བྱས་པ་ཡིན། བདེ་སྐྱོང་དབང་མོའི་མགུལ་གྱི་མུ་ཏིག་དེ་ནི་སློབ་མཐར་ཕྱིན་ནས་ཕྱིར་ཕ་ཡུལ་དུ་འགྲོ་ཁར། ངས་རང་གི་རྩོམ་ཡོན་བསོགས་ནས་མོ་ལ་ལེགས་སྐྱེས་སུ་ཉོས་པ་ཡིན། ངས་མོ་རང་སྔོན་ཞིག་ནས་མུ་ཏིག་དེར་དགའ་བ་ཤེས་ན་ཡང་།སྐབས་དེར་ལག་ཏུ་དངུལ་འདང་ངེས་ཤིག་མེད་པས་ཉོ་ཐབས་མ་བྱུང་། ངས་སློབ་སྐབས་ཤིག་གི་རིང་ལ་རྩོམ་ཡོན་བསོགས་བསོགས་ནས་ད་གཟོད་མོའི་མགུལ་གྱི་མུ་ཏིག་དེ་ཉོས་པ་ཡིན། སྐབས་དེར་ངས་མོ་ནི་ང་རང་གི་ཚེ་གཅིག་གི་ཆུང་མ་ཡིན་ཤག་ཤག་བྱས་ཡོད།

འོན་ཀྱང་། ཕྱིར་ཕ་ཡུལ་དུ་སླེབས་ནས་ལོ་རེ་གཉིས་ལས་མ་འགོར་བར། ལས་དབང་གིས་ངེད་གཉིས་ལ་ཀུ་རེ་ཐེངས་གཅིག་བརྩེས་སོང་། མོ་རང་གློ་བུར་དུ་ཡུལ་འདི་གའི་སྤྲུལ་སྐུ་ཆེན་པོ་ཆེན་པོ་ཞིག་གི་གསང་ཡུམ་དུ་གྱུར། དེ་ཡང་ལོ་ངོ་ཉིས་བརྒྱ་ལྷག་གི་སྔོན་དུ་བྱོན་པའི་གཏེར་སྟོན་ཆེན་པོ་ཞིག་གི་ལུང་བྱང་དུ། མོའི་མིང་དང་སྐྱེས་ཡུལ་སྐྱེས་ལོ། ཕ་མ་ཟུང་གི་མིང་ལོ་རྟགས་དང་བཅས་པ་གསལ་པོར་འཁོད་ཡོད་པ་དང་། ལུང་བྱང་དེ་རུ་བདེ་སྐྱོང་དབང་མོ་སྤྲུལ་སྐུའི་གསང་ཡུམ་བྱས་ན། སྤྲུལ་སྐུའི་སྐུ་ཚེ་བསྲིང་ཐུབ་པ་དང་འགྲོ་དོན་ནམ་མཁའི་མཐའ་དང་མཉམ་པར་ལུང་གིས་བསྟན་ཡོད་པས། མོ་དགུང་ལོ་ཆེན་པོ་ཆགས་ཚར་བའི་སྤྲུལ་སྐུའི་གསང་ཡུམ་དུ་གྱུར་པ་དང་། ང་ཡང་རིང་པོ་མ་འགོར་བར་ད་ལྟའི་ཆུང་མ་འདིའི་སྐྱེས་པ་རུ་གྱུར།

དུས་དེ་ནས་བཟུང་། མོའི་མགུལ་གྱི་མུ་ཏིག་དེ་གསང་བའི་སྒྲོམ་ཆུང་ཞིག་ཏུ་མི་སྦས་ཐབས་མེད་བྱུང་། ཡིན་ན་ཡང་། ངེད་གཉིས་ཀྱི་འབྲེལ་ལམ་ཆད་མ་མྱོང་། ངའི་ཆུང་མ་བྱ་བའི་དབང་གིས་ཕྱི་འགྲུལ་བྱེད་ཐེངས་མང་ལ། སྤྲུལ་སྐུ་ཡང་དགོན་པ་དང་ཡུལ་ཕྱོགས་གཞན་ལ་འགྲོ་དོན་དུ་ཕེབས་ཐེངས་མང་བས། མོ་སར་ལན་རེ་གཉིས་ལས་མི་ཡོང་། མོ་རང་སྤྲུལ་སྐུའི་གསང་ཡུམ་ཡིན་པ་ཤེས་མཁན་ཡང་སྤྲུལ་སྐུའི་སྐུ་འཁོར་དང་མོའི་ཁྱིམ་གྱི་ནང་མི་མ་གཏོགས་མེད་པས། ངེད་གཉིས་ལན་རེར་འདི་ལྟར་ལྐོག་ཏུ་འཕྲད་བཞིན་ཡོད། ནམ་རྒྱུན་མོས་མུ་ཏིག་དེ་ཤི་སྐུང་རོ་སྐུང་བྱས་ནས་སུ་ལའང་རིག་ཏུ་མི་འཇུག་མོད། ང་སར་ཡོང་དུས་རྟག་པར་མགུལ་དུ་བཏགས་ནས་ཡོང་།

4

“ཁྲོག  ཁྲོག  ཁྲོག”

“ཁྲོག  ཁྲོག  ཁྲོག”

“ཁྲོག  ཁྲོག  ཁྲོག”

སྒོ་སླར་ཡང་བརྡུངས་བྱུང་། ད་ཐེངས་སྒོ་རྡུང་མཁན་དེ་ནི་སྐྱེས་པ་ཞིག་ཡིན་པ་འདྲ། སྔོན་གྱི་སྒོ་རྡུང་མཁན་དེ་དང་གཏན་ནས་མི་འདྲ་བར། ཁོས་སྒོ་བརྡུངས་པ་ལ་སྟོབས་ཤུགས་ཀྱིས་ཁེངས་འདུག ཁོས་སྒོ་བརྡུངས་པའི་སྒྲ་ལ་མཉན་ན། ཁོ་རང་སྐྱེས་པ་ཞིག་ཡིན་པ་ཐག་གིས་གཅོད་ཐུབ་ལ། སྐྱེས་པ་གཟུགས་རིང་ཞིང་སྟོབས་ཆེན་ཞིག་ཡིན་པར་ཚོད་དཔག་བྱེད་ཐུབ།

འོ་ན། སྒོ་རྡུང་མཁན་དེ་དོན་ངོ་མར་སུ་ཞིག་ཡིན་སྲིད་ཨང་།

ངའི་སེམས་སུ་སློབ་གྲོགས་དོན་གྲུབ་ཤར་བྱུང་། ན་ནིང་དབྱར་ཁར་ཁོའི་ཆུང་མ་དབྱར་རྩྭ་རྐོ་ས་ནས་བཙན་གྱིས་ཁྱེར་ཏེ་གར་སོང་ཆ་མེད་དུ་གྱུར་རྗེས། ཁོ་རང་རྟག་པར་ཆང་འཐུང་མཁན་ཞིག་ཏུ་གྱུར། ཆང་འཐུང་ནས་ར་བཟི་རྗེས། ལན་རེར་ངེད་ཚང་གི་ཁང་པའི་སྒོ་མོ་བརྡུངས་ནས་ང་སར་སླེབས་ཡོང་། མི་ཚོས་བཤད་ན“ཁོའི་ཆུང་མ་དེ་མི་དམར་རྟ་དམར་ཅན་ཞིག་གི་འཕོངས་ལ་བཞག་ནས། སྟོང་འཛོམས་ཉག་ག་ནས་སྟག་ནག་རི་བོའི་ཕྱོགས་སུ་ཡལ་སོང”ཟེར། ཆུང་མ་གར་སོང་ཆ་མེད་དུ་གྱུར་རྗེས། ཁོ་རང་རྟག་པར་ཆང་འཐུང་མཁན་ཞིག་ཏུ་གྱུར། རྟག་པར་ཆང་འཐུང་ནས་ལས་ཚོགས་ལའང་མ་སོང་བས། ཁོ་རང་གཞུང་གི་ལས་ཁུངས་ཤིག་ལ་ལས་གཡོག་ཏུ་བརྒྱུགས་ན། ཟླ་རེར་སྒོར་སྟོང་གཉིས་ལྷག་ཡོད་པའི་བྱ་བ་དེ་ཡང་ལག་ནས་ཤོར། སྔོན་ཆད། ངའི་གྲོགས་པོ་ནི་འཇིག་རྟེན་ལ་རེ་བས་ཁེངས་ཡོད་པའི་མི་ཞིག་ཡིན། ཁོའི་མིག་ཟུང་དུ་མ་འོངས་པ་ལ་ཡིད་ཆེས་ཀྱིས་བརྟས་པའི་འོད་ཟེར་ལམ་ལམ་དུ་འཕྲོ། འོན་ཀྱང་། ད་ནི་མི་རྐྱང་རྟ་རྐྱང་། རས་རྐྱང་ལྭ་རྐྱང་དུ་ཆགས་ཚར། སེམས་འཕང་དམའ་རུ་སོང་ནས། འཚོ་བ་ལ་ཡིད་ནག་གཏིང་ནས་ཆད་འདུག རྟག་པར་ང་སར་ཡོང་ནས་སྡུག་གཏམ་ལུང་པ་གང་རེ་བཤད་ཡོང་། “ངས་ལས་ཅི་ཞིག་བསགས་པ་ཡིན་ནམ། འཇིག་རྟེན་གནམ་གྱི་འོག་ལ་མི་ང་ལས་སྡུག་པ་ཞིག་མི་འདུག་ཨང”ཞེས་སྨྲེ་ངག་འདོན། སྒོ་རྡུང་མཁན་དེ་ཁོ་ཡང་མིན་པ་འདྲ། ཁོ་ཡིན་ན་སྒོ་ཤེད་ཀྱིས་བརྡུང་ངེས་ལ། སྒོ་མ་ཕྱེ་བའི་བར་དུ་མཚམས་མི་ཆད་པར་བརྡུང་ངེས།

འོ་ན། སྔོན་གྱི་སྒོ་རྡུང་མཁན་དེ་དང་ད་ཐེངས་སྒོ་རྡུང་མཁན་དེ་གཉིས་མི་གཅིག་ཡིན་ནམ། ཡང་ན་མི་གཉིས་ཀྱིས་རེས་མོས་སུ་ངེད་ཚང་གི་ཁང་སྒོ་རྡུང་བཞིན་ཡོད་དམ།

“སུ་རེད། སུ་རེད། ཁྱོད་སོང་ནས་རེམ་མ་གཅིག་ལྟོས་དང་།”

མོས་ཉེས་ཅན་ཞིག་ཉེན་རྟོག་པའི་ལག་ཏུ་ཤོར་སོང་བ་ལྟར་ལུས་པོ་འདར་སིག་སིག་བྱེད་བཞིན་དེ་ལྟར་ཟེར། མོས་མ་བཤད་ཀྱང་ངས་མོ་རང་ཅི་ཞིག་ལ་སྐྲག་བཞིན་པ་གསལ་པོར་ཤེས་ཏེ། མོས་ངེད་གཉིས་གསང་འབྲེལ་བྱེད་བཞིན་པའི་གནས་ཚུལ་དེ། སྤྲུལ་སྐུའམ་སྤྲུལ་སྐུའི་སྐུ་འཁོར། ཡང་ན། ཁོ་རང་གི་ཕ་མ་གཉེན་མི་གང་རུང་ཞིག་གིས་ཤེས་སོང་བ་ཨེ་ཡིན་སྙམ་ནས་སྐྲག་བཞིན་ཡོད་ལ། ངའི་ཆུང་མའམ་ངའི་ཆུང་མའི་ཉེ་འཁོར་ཞིག་གིས་ཤེས་སོང་བ་ཨེ་ཡིན་སྙམ་ནས་ཀྱང་སྐྲག་བཞིན་ཡོད་ངེས།

རྒྱུ་མཚན་ང་ཡང་དེ་ལ་སྐྲག་སྟེ། ང་རང་འདི་ལྟར་ལྐོག་ཏུ་མོ་ལ་འཕྲད་ཐེངས་རེར། ངའི་སེམས་སུ་ངེད་གཉིས་འདི་ལྟར་གསང་འབྲེལ་བྱེད་བཞིན་པ་སྤྲུལ་སྐུས་མཁྱེན་ན། ང་ལ་མཐུ་བཏང་མི་ཡོང་ངམ་སྙམ་ནས་སྐྲག་ལ། མི་མ་དགའ་ན་ལྷ་མི་དགའ་ཟེར་བ་བཞིན་དུ་ངའི་བུ་ཆུང་ངམ་ངའི་ཆུང་མ་ལ་བར་ཆད་ཅིག་སླེབས་མི་ཡོང་ངམ་སྙམ་ནས་ཀྱང་སྐྲག

དངོས་གནས་སྤྲུལ་སྐུའམ་སྤྲུལ་སྐུའི་སྐུ་འཁོར་ཞིག་གིས་ཤེས་ཚེ། ང་རང་དགོན་པའི་མདུན་ཐང་གི་དར་མདུང་ལ་བཅིངས་ནས།  འདྲེ་གདོན་གང་རུང་ཞིག་གི་མིང་བཏགས་ནས་ཤི་རྡུང་གོ་ཉེད་ཉེད་ཅིག་བྱེད་སྲིད་ལ། སྡེ་གྲལ་ནས་ཕུད་དེ་འཇིག་རྟེན་གནམ་གྱི་འོག་ན་འདུག་ས་མེད་པ་ཞིག་བཟོ་ཡང་སྲིད། དེ་ལྟར་མི་བྱེད་ཀྱང་སྲིད་དེ། སྤྲུལ་སྐུ་རིན་པོ་ཆེས་ཐུགས་བརྩེ་བ་ཆེན་པོས་ངེད་གཉིས་གུ་ཡངས་གཏང་ཡང་སྲིད་མོད། གཏམ་དེ་གཞན་གྱིས་གོ་རྗེས། ང་དང་ངའི་ཕ་མ་གཉེན་མི་ཚོས་ཅི་ཞིག་བྱེད་ཨང་། ཁོ་ཚོ་སྡེ་གྲལ་དུ་ཇི་ལྟར་འགྲོ་ཨང་། དངོས་གནས་བསམ་མི་ཕོད་པ་ཞིག་རེད།

ལན་རེར་ངས་དངོས་གནས་རང་གི་ཁོག་ལ་འདྲེ་ཞུགས་ཡོད་པ་མིན་ནམ་སྙམ་ཡོང་། ཡང་ན་ང་རང་བདུད་ཅིག་གི་སྐྱེ་བ་མིན་ནམ་སྙམ་ཡོང་། སྤྲུལ་སྐུའི་གསང་ཡུམ་ལ་ལྐོག་འབྲེལ་བྱས་ནས། ང་རང་གདོན་གྱིས་བརླབས་པ་ཡིན་ངེས། ངས་རང་གི་སྙིང་ལྷོག་ལྷོག་ཏུ་ལྡིང་བཞིན་པ་ཚོར། གལ་ཏེ། དོན་འདི་སྤྲུལ་སྐུའི་སྐུ་འཁོར་རྣམས་ཀྱིས་ཤེས་པ་ཡིན་ཚེ། སྒོ་ཕག་ཏུ་སྐྱེས་པ་ཞིག་དང་བུད་མེད་ཅིག་གིས་མི་ཚད་པར། གཏུམ་དྲག་ཅན་གྱི་མི་མང་པོ་ཞིག་ཡོད་སྲིད། ཐོག་དང་པོར་སྒོ་བརྡུངས་དུས་ཤིན་ཏུ་འཇམ་པོ་དལ་མོས་བརྡུངས་པ་ནི་བསླུ་བྲིད་ཅིག་ཡིན་སྲིད། དེ་དག་གི་ལག་ཏུ་མདའ་བོའུ་མཚོན་ཆ་མང་པོ་ཞིག་བཟུང་ཡོད་སྲིད། དེ་དག་འབྲོང་རྒོད་དང་སྤྱང་ཚོགས་བཞིན་ངེད་ཀྱི་ཁང་སྒོ་ནས་འཚང་ག་རྒྱག་བཞིན་ཤོར་ཡོང་ནས། ངེད་གཉིས་ལ་གཅར་རྡུང་བཟོད་གླགས་མེད་པ་ཞིག་བྱེད་སྲིད་ཅིང་། ལས་མ་ཡག་ན་སྲོག་ཀྱང་ལེན་སྲིད། ལས་ཡག་ནས་མ་བསད་ཀྱང་ཉིན་དེ་ནས་བཟུང་ངེད་གཉིས་འདྲེ་དང་འདྲེ་མོའམ་བདུད་དང་བདུད་མོ་གང་རུང་ཞིག་ཏུ་གྱུར་ནས། ཡུལ་སྡེ་འདི་དང་གནམ་འོག་འདི་ལ་སྡོད་ཐབས་ཡེ་ནས་མེད་ཨང་།

5

ཨ་ཨ། ད་ཅི་ཞིག་བྱེད་ཨང་།

ངའི་སྙིང་གི་ལྡིང་འགྲོས་ཇེ་མགྱོགས་ནས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། ལུས་པོ་ཡང་འདར་སིག་སིག་བྱེད་བཞིན་འདུག ངས་སྙིང་ཤོར་ནས་སྐྲག་ཐག་ཆོད་པའི་རྣམ་པ་དེ་དག་བཙན་གྱིས་བསྲན་ནས་མོ་ལ་མཐོང་དུ་མ་བཅུག ངས་རང་ཉིད་ཅུང་ཟད་ཀྱང་སྐྲག་མེད་པའི་ཚུལ་དུ་སྐད་མཐོན་པོ་བྱས་ནས“སུ་ཡིན། སུ་ཡིན”ཟེར་ཞོར་ཡར་ལངས་ནས་སྒོ་འགྲམ་དུ་སོང་། སྒོ་རྡུང་བའི་སྒྲ་དེ་གློ་བུར་དུ་ཆད་ནས་གྲག་འགུལ་ཅི་ཡང་མི་འདུག ཁང་པའི་ཕྱི་ནང་གཉིས་སུ་གྲག་འགུལ་ཅི་ཡང་མེད་པས་ཁུ་སིམ་མེར་གྱུར། ཁུ་སིམ་པའི་རྣམ་པ་དེ་ནི་དེ་ལྟར་འཇིགས་ཡེར་བ་ཞིག་རེད། དེ་བས་ངའི་མདུན་དུ་བསྐྱོད་པའི་གོམ་མཚམས་ཀྱང་གློ་བུར་དུ་ཆད་ཅིང་།   ཡིད་ལ་ཉིན་འགའི་སྔོན་དུ་བྱུང་བའི་དོན་དག་ཅིག་དེ་མུར་དྲན། ཉིན་འགའི་སྔོན་ལ་གཞིས་ཁུལ་འདིའི་ནང་ནས་རྒན་མོ་ལོ་ན་བཞི་བཅུར་སླེབས་པ་ཞིག་གིས་རྒྱུ་མཚན་ཅི་ཡང་མེད་པར་རང་སྲོག་བཅད། མོས་རང་སྲོག་བཅད་ནས་ཉི་མ་མང་པོ་མ་འགོར་བར། མོ་འདྲེ་རུ་གྱུར་ནས་མི་གཉིས་གསོན་ཟ་བྱས། མོ་འདྲེ་རུ་གྱུར་ནས་མོས་ཁྱིམ་མཚེས་ཚང་གི་བུ་ཆུང་སྒེའུ་ཁུང་ནང་ནས་མར་ལྷུང་དུ་བཅུག་སྟེ་བསད་པ་དང་། དེའི་ཕྱི་ཉིན་ནུབ་མོར་གཞིས་ཁུལ་གྱི་སྒོ་ཆེན་ཁ་རུ་ཆང་བཟི་ཞིག་རླངས་འཁོར་གྱིས་བརྡུངས་ནས་གསོད་དུ་བཅུག མོ་འདྲེ་རུ་གྱུར་པ་ནས་གཞིས་ཁུལ་འདིར་ཆག་སྒོ་སྣ་ཚོགས་བྱུང་། མཚན་མོར་སླེབས་པ་ན་གཞིས་ཁུལ་འདིར་འཁུན་སྒྲ་དང་ཤུ་སྒྲ་སྣ་ཚོགས་ཀྱིས་ཁེངས་འགྲོ། སྒྲ་དེ་དག་ངས་ཀྱང་གསལ་པོར་ཐོས་མྱོང་།

དེའི་སྐོར་གཞིས་ཁུལ་གྱི་ཚོགས་པའི་ནང་དུ“ད་ནི་སྔགས་པ་ནུས་ལྡན་ཞིག་དྲངས་ནས་ལྷ་མཆོད་འདྲེ་འདུལ་ཞིག་མ་བྱས་ཐབས་མེད་རེད”ཟེར་གྱི་འདུག་ལ། གཞིས་ཁུལ་གྱི་མི་རྣམས་གྲོས་འཆམ་ནས། སྤྲུལ་སྐུ་རིན་པོ་ཆེ་ལ་ལུང་བསྟན་ཞུས་པར་ཁོང་ནས་ཀྱང་། “ཧྲཱི༔ རྩལ་སྣང་བརྡ་ཡི་རི་མོ་ལ༔ སྲི་ཡིས་ཅུང་ཟད་བར་བར་ལྡང་༔དེ་སེལ་ཐོས་གྲོལ་ཁྲི་མཆོད་ཞོག༔ཚེ་ཆོག་སྟོང་མཆོད་ལྔ་དང་ནི༔ཡ་ཆེན་ཐར་མདོ་སྟོང་འདོན་དང་༔ མ་ཎི་དུང་ཡོན་སྦྱོངས་སྔགས་ཞུས༔ མང་ཇ་ཞལ་འདེབས་ཡོན་བསྔོས་བྱ༔ སྒར་ལ་སྤྲུལ་བའི་གུ་རུ་དུང་ཡོན་ལྔ༔ བཟང་སྤྱོད་ཁྲི་དང་གསུར་བྱེ་བ༔ ལན་ཆགས་ཁྲི་བསྔོས་སྐྱབས་འགྲོ་དུང་༔ ཐར་མདོ་ཚར་གསུམ་ཕུར་བསྙེན་ནི༔ཁྲི་རྡོ་བླུས་དང་མདོས་བཞི་བྱ༔གཏད་སེལ་བཅུ་གསུམ་ཁང་པཟློག་དང་༔གུ་དྲག་གཤེད་འདུལ་གཅོད་འདུལ་གཉིས༔ ཁྱད་མེད་བཏོན་དང་ཐོས་གྲོལ་གྱིས་སྦྱིན་བསྲེགས་ཟབ༔ ཡུམ་ཀའི་མེ་མཆོད་འབུམ་ཐེར་དང་༔ མཚན་བརྗོད་བརྒྱ་དང་ལེའུ་བདུན་བརྒྱ༔ ས་ནི་ཡག་སར་ཕུར་བ་ཡི༔ སྐུ་འབུམ་སས་བཏབ་བྱེད་པ་ཡིས༔སིདྡྷི་དུང་རེ་འབྱུང་བཞིའི་དར༔དཀར་སེར་དམར་ལྗང་ལག་དཔར་ཏེ༔ རི་རྩེར་ཞོག་དང་གདུགས་དཀར་ཁྲི༔དེ་བྱས་ལམ་གནས་བརྡ་འདི་བསྡུ༔ གུ་ཧེ༔ མི་འཁྲུགས་བཟང་སྤྱོད་ལྟུང་བཤགས་ལག་དཔར་སྟོང་དར་གཉིས་དགོས”ཞེས་ལུང་བསྟན་པ་ལྟར་ང་ཚོས་དམངས་སྒོར་ཁྲི་ཚོ་གསུམ་ལྷག་བསྡུས་ནས་རིམ་གྲོ་དེ་དག་སྒར་དགོན་པ་རྣམས་ལ་བཅོལ་རྒྱུ་རྣམས་བཅོལ་ནས་བཏོན་ཚར་བས། ད་ནི་གནོད་པ་ཡོང་མི་སྲིད། ངས་དེ་ལྟར་བསམ་བཞིན་སྙིང་སྟོབས་ཆེན་པོ་བསྐྱེད་དེ་སྒོ་ཕྱེ་བ་ན་སྒོའི་ཕྱི་རོལ་དུ་སུ་ཡང་མི་འདུག མི་མ་དགོས་སྲོག་ཆགས་མཐེ་བོང་ཙམ་ཞིག་ཀྱང་མི་འདུག

འོ་ན། ད་སོ་མ་སྒོ་རྡུང་མཁན་དེ་སུ་ཞིག་ཡིན་ནམ། དངོས་གནས་འདང་མི་དཔོག་པ་ཞིག་རེད། ད་སྔོན་སྒོ་བརྡུངས་པའི་སྒྲ་དེ་ངེད་གཉིས་ཀྱིས་གསལ་པོར་ཐོས། འཆུག་མི་སྲིད།

སྒོ་རྡུང་མཁན་དེ་འདྲེ་མོ་དེ་ཡིན་སྲིད་དམ།

རིམ་གྲོའང་ཡོངས་སུ་བསྒྲུབས་ཚར་བས། མོས་ང་ཚོ་ལ་གནོད་པ་བྱེད་མི་སྲིད། ལྷག་ཏུ་སྤྲུལ་སྐུའི་གསང་ཡུམ་ངའི་གམ་དུ་ཡོད་པས། ང་ལ་གནོད་པ་ཐེབས་མི་སྲིད། ངས་དེ་ལྟར་བསམ་བཞིན་ཕྱིར་སོང་ནས་མོའི་གམ་དུ་ཉལ་ན་ཡང་། ཉལ་བའི་བདེ་སྣང་ཅི་ཡང་མ་བྱུང་། སྒེའུ་ཁུང་ཕྱི་རོལ་དུ་རླུང་འཚུབ་ཆེན་པོ་ཞིག་ལྡང་བཞིན་མཆིས། སྒེའུ་ཁུང་ངོས་སུ་རླུང་གིས་རྡེག་པའི་སྒྲ་སྣ་ཚོགས་བར་མེད་གྲག་ཡོང་། དངོས་གནས་འཇིགས་ཡེར་བ་ཞིག་རེད། ཅུང་ཙམ་མ་འགོར་བར་སྒོ་སླར་ཡང་བརྡུངས་བྱུང་། སྒོ་བརྡུངས་ནས་ཅུང་ཙམ་མ་འགོར་བར། ངས་སྒོ་མ་ཕྱེ་ན་ཡང་སྒོ་རྡུང་མཁན་དེས་ཕྱི་སྒོ་ནང་སྒོ་གཉིས་ཀ་ཕྱེ་ནས་ནང་དུ་སླེབས་བྱུང་། སྒོ་ཕྱེ་བའི་སྒྲ་ངའི་རྣ་ལམ་དུ་གསལ་པོར་ཐོས་ཡོང་། འདྲེ་མོ་དེ་རེད། དངོས་གནས་མོ་རེད། ངས་དངོས་སུ་མཐོང་བྱུང་། མོ་ལ་ཐེའུ་རང་རྐང་གཅིག་ཅིག་དང་འདྲ་བར་རྐང་པ་གཅིག་ལས་མེད་པ་དང་། མགོའི་སྐྲ་ལོ་མེ་ལྕེ་མཆེད་པ་བཞིན་དམར་ཟིང་ངེར་བྱེད། མཆེ་བ་གཉིས་ཕྲ་ཞིང་རིང་བ་མ་ནེའི་མན་དུ་སླེབས། རྐ་ལག་རྣམས་ཤིན་ཏུ་ཕྲ་བ་ཡི་དྭགས་དང་འདྲ། ནུ་མ་གཅིག་ཕྲག་ལ་འཕངས། ནུ་མ་གཅིག་ས་ལ་འཁྱིལ། ལག་པའི་སེན་མོ་བྱ་ཡི་སྡེར་མོ་ལྟར་གྱུར། མོས་སྡེར་མོ་བགྲད་ནས་ངའི་གདོང་ལ་མཆོངས་བྱུང་། ང་སྐྲག་ཐག་ཆོད་ནས་ཁ་མལ་དུ་ཧད་དེ་ལུས། བདེ་སྐྱོང་དབང་མོ་ནི་སྤྲུལ་སྐུའི་གསང་ཡུམ་ཡིན་པས་ཡིན་ནམ། མོས་ཅི་ཡང་མཐོང་བཞིན་མེད་པ་འདྲ་སྟེ། ངའི་ལག་པའི་གྲུ་ཁུག་དམ་པོར་བསྡམས་ནས་ཅི་ཡང་མི་སྨྲ་བར་སྡོད། ངས་མོ་ཅི་ཙམ་བོས་ཀྱང་མོས་ཐོས་མ་སོང་།

6

“ཁྲོག ཁྲོག ཁྲོག”

སྒོ་བརྡུངས་པའི་སྒྲ་དེས་ང་རང་གློ་བུར་དུ་གཉིད་ལས་དཀྲོག ངའི་གམ་དུ་བདེ་སྐྱོང་དབང་མོ་མེད་ལ་འདྲེ་མོ་དེ་ཡང་མི་འདུག ང་རང་ཁང་སྟོང་འདིར་གཅིག་པུར་གན་རྐྱལ་དུ་ཉལ་ཡོད་པ་དང་། ལུས་ཡོངས་སུ་རྔུལ་ཆུས་བརླན་འདུག ངས་ཁ་པར་ཡར་བླངས་ནས་ཆུ་ཚོད་ལ་བལྟས་པ་ན། མཚན་མོའི་ཆུ་ཚོད་གསུམ་པར་སླེབས་འདུག ངས་མི་ལོ་སུམ་ཅུའི་རིང་ལ་ཁང་སྟོང་འདིའི་སྒོ་མོ་རྡུང་མཁན་ཞིག་ལ་རེ་སྒུག་བྱས་པ་ཡིན་པས། ཁང་སྒོ་བརྡུངས་པའི་སྒྲ་དེ་ངའི་རྣ་བར་ལྷུང་མ་ཐག ཁུ་བྱུག་སྔོན་མོའི་གསུང་སྐད་ཐོས་པ་བཞིན་འཕྲལ་དུ་ཡར་ལངས་ནས་སྒོ་འབྱེད་དུ་སོང་། སྒོ་ཕྱེ་ནས་བལྟས་པ་ན། ང་རང་ཉིད་དཔར་བརྒྱབ་པའམ་ང་རང་མེ་ལོང་དུ་ཤར་བ་ལྟ་བུའི་མི་ཞིག་རང་གི་ཁ་གཏད་དུ་འགྲེངས་འདུག་པ་མཐོང་། ང་འགུལ་བ་ན་ཁོ་ཡང་འགུལ། ང་འཛུམ་པ་ན་ཁོ་ཡང་འཛུམ། ངས་ཁྲོ་གཉེར་བསྡུས་པ་ན་ཁོས་ཀྱང་ཁྲོ་གཉེར་བསྡུ། ང་ནང་དུ་ཡོང་བ་ན་ཁོ་ཡང་ནང་དུ་ཡོང་། ང་བསྡད་པ་ན་ཁོ་ཡང་འདུག ང་མལ་ཁྲི་རུ་གན་རྐྱལ་དུ་ཉལ་ནས་གཉིད་པ་ན། ཁོ་ཡང་ངའི་གམ་དུ་གན་རྐྱལ་དུ་ཉལ་ནས་གཉིད་སོང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号