བསྔགས་བརྗོད་ཀ་ཕྲེང་མེ་ཏོག་རྒྱང་ནས་གཏོར།

ཆོས་དབྱིངས་སྐྱིད་ལ།  

འཇུ་སྲས་ཨ་རུས།    

 ཀ་ཡེ་རིགས་མཐུན་བུ་མོ་ཆོས་དབྱིངས་སྐྱིད།།  

ཁ་ཙམ་མ་ཡིན་བསྔགས་བརྗོད་མེ་ཏོག་ཕྲེང་།།

ག་དུས་ཡིན་ཡང་ཁྱོད་ཀྱི་མགུལ་བར་སྒྲོན།།

ང་ཚོ་གངས་རིའི་གཟི་བརྗིད་ཁྱོད་ཉིད་ཡིན།།

ཅ་ཅོ་འདུ་འཛི་ཆེ་བའི་འགྲན་ཚོགས་སྐབས།།

ཆ་བྱད་འདྲ་མིན་མི་རིགས་གྲངས་མང་ལས།།

ཇ་ཤིང་ལོ་མ་རླུང་གིས་སྤུར་བ་བཞིན།།

ཉ་མོའི་འཁྱུག་འགྲོས་མྱུར་རྩལ་ཁྱོད་ལ་ལྡན།།

ཏཱ་རེ་འཕགས་མར་ལུས་རླུང་ཕུགས་འདུན་བཅོལ།།

ཐ་གྲུ་རབ་ཡངས་ལེ་དབར་གོམ་པས་གཞལ།།

ད་དུང་གངས་རིའི་མགོ་རྣ་སྙིང་ལ་ཉར།།

ན་ཆུང་བུ་མོ་ཁྱོད་ལ་ཚེ་ཐག་རིང་།།

པ་ལོ་གསེར་མདོག་ལྷས་མ་རྔུལ་ཆུས་བརླན།།

ཕ་རོལ་ཀུ་ཅོས་བར་ནས་སེམས་ཤུགས་འཕར།།

བ་དན་དར་གྱི་གཡབ་མོས་བང་རྩལ་བསྐྱེད།།

མ་ལུས་འགྲན་ཞུགས་ཀུན་ལས་ཁྱོད་འཕགས་སོ།།

ཙན་དན་ཁྲུས་ཆུ་བསིལ་མོས་ལུས་ཁམས་གསོས།།

ཚ་གྲང་དཀའ་སྤྱད་ལུས་སྦྱོང་ཡུན་དུ་བསྲིངས།།

ཛ་ཛོར་རང་གཞན་བྱ་གཞག་རྒྱབ་ལ་གཡུགས།།

ཝ་ལེར་སེམས་ངོར་ཤར་བ་རྒྱལ་ཁ་ཉིད།།

ཞྭ་ལྷམ་ཆས་གོས་སྐབས་བསྟུན་མི་རུང་མེད།།

ཟ་བཏུང་འཕྲོད་བསྟེན་སྔོན་ཐོན་འོས་ཤིང་འཚམས།།

འ་ཅག་བོད་པའི་མཚན་སྙན་རླུང་རྟའི་དར།།

ཡ་རབས་མཛངས་མ་ཁྱོད་ཀྱིས་མཁའ་ལ་བསྒྲེངས།།

ར་བ་གངས་རིའི་གཟི་བརྗིད་ཁྱོད་ཉིད་ཡིན།།

ལ་རྒྱའི་དཔུང་བ་སྦོམ་པོའང་ཁྱོད་ཉིད་ཡིན།།

ཤ་དར་ལང་ཚོར་ཟེར་ཡང་ཁྱོད་ཉིད་ཡིན།།

ས་མཐོ་ཁ་བའི་མིང་བྱང་ཁྱོད་ཉིད་ཡིན།།  

ཧ་ཅང་མང་ན་འུད་བསྟོད་ཕྱོགས་སུ་འཁྱེར།།

ཧ་ལམ་དེ་གས་རེ་ཞིག་འཐུས་པར་བྱ།།

ཨ་ལ་ཀུ་རེ་སྨྲ་བརྗོད་རང་དབང་ཡིན།།

ཨ་ཅག་ཆོས་དབྱིངས་བུ་མོར་འཕྲོད་པར་ཤོག།

2023ལོའི་ཟླ10པའི་ཚེས10ཉིན། ཕ་ཡུལ་རྨ་ཆུའི་དངུལ་རྭ་ནས་ཕུལ།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号