འབྲོག་མོ་ཆོས་དབྱིངས་སྐྱིད།

རྟ་ནག་གྲགས་པ།

བླ་མཚོ་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་གྱི།།
སྙིང་རུས་ཅན་གྱི་མདའ་བཞིའི་འབྲོག་མོ་ཁྱོས།།
ཤར་ནུབ་མི་རིགས་མང་པོའི་ཁ་སྔུན་ནས།།
འཛམ་གླིང་ཨོ་རྩལ་རྒྱལ་ཁའི་ལོ་རྒྱུས་བསྐྲུན།།
ཞུམ་མེད་སྤོབས་པའི་ཡ་གླིང་ཟིན་ཐོ་བཀོད།།

ཁ་སང་བརྙན་མིག་ནང་ནས་མཐོང་བ་ན།།
རྒྱུག་ལ་འགྲན་མེད་གཤོག་པ་ལོས་ཡོད་འདྲ།།
རྒྱ་སྟག་དམར་ཡག་བཞིན་དུ་མཆོངས་ནས་ཡོང་།།
ཨོ་རྩལ་འགྲན་རིམ་འདི་ནས་ཁྱོད་རྒྱལ་ཏེ།།
གསེར་གྱི་རྟགས་མ་སྐེ་ན་འོད་ལམ་ལམ།།
འབྲོག་མོ་རང་ཚུགས་ཅན་ཁྱོད་དང་པོ་རེད།།

རྒྱལ་ཁབ་ཕྱི་ནང་ཀུན་གྱི་གསར་འགྱུར་ནང་།།
མཚན་སྙན་མེ་ཏོག་གང་སར་བཞད་པའི་ཁྱོད།།
ཁ་བ་བོད་ཀྱི་རེ་བའི་སེམས་ནང་གི།
ཕྱི་རབས་མི་ལ་རེ་བ་བསྐྲུན་མཁན་ཡིན།།
འབྲོག་མོའི་ཁོག་དཔུང་མ་ཤོར་དེ་ཡིས་ཆོག།

མི་ལོ་བཅུ་ཡི་དཀའ་སྡུག་རྔུལ་ཆུ་ཡིས།།
དེ་རིང་ཐོབ་པའི་གསེར་གྱི་རྟགས་མ་ཟུང་།།
མཚོ་སྔོན་ལོ་རྒྱུས་སྟེང་གི་ཐོག་མ་ཟེར།།
ལ་རྒྱའི་མིག་ཆུ་ཕྱིས་དང་ཆོས་དབྱིངས་སྐྱིད།།
དེ་རིང་མི་ཚོགས་ཀློང་ནས་འཛུམ་གྱིས་དགོད།།

སྐྱེས་ས་འབྲོག་ཡིན་འབྲོག་མོ་ངོ་མ་ཁྱོད།།
ཡ་གླིང་དང་ནི་ཨོ་རྩལ་འགྲན་ཚོགས་སུ།།
མགོ་སེར་ཡ་མེད་དེ་ཚོའི་གྲལ་དབུས་སུ།།
གསེར་གྱི་རྟགས་མ་སྔ་ཕྱིར་གཉིས་བླངས་ན།།
བོད་ཀྱི་འབྲོག་མོ་འདི་ལ་ཞེ་ནས་དུངས།།

རྒྱལ་ཁའི་གྲུབ་འབྲས་ཐོད་ལ་བཟུང་ནས་ཡོང་།།
གསེར་གྱི་རྟགས་མ་རུམ་ལ་བཅུག་སྟེ་ཡོང་།།
ཕ་ཡུལ་ཕྱོགས་ལ་འཛུམ་གྱིས་གང་དེ་ཡོང་།།
གྱི་ལིང་རྟ་ཕོའི་བང་གིས་སྔོན་བསུས་ཏེ།།
རྟེན་འབྲེལ་ཚིག་གིས་སྨོན་འདུན་ཡང་ཡང་ཞུ།།

               ༢༠༢༣  ༡༠  ༡༡ ཉིན་བྲིས

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号