དེ་རིང་ངས་སྤྲིན་དཀར་མཐོང་བྱུང་།

དཔལ་མོ།

དེ་རིང་ངས་ཨ་སྔོན་དང་སྤྲིན་དཀར་མཐོང་བྱུང

ཡུན་རིང་ལ་བོར་བའི་དྭངས་གཙང་གི་ཁ་དོག་མཐོང་བྱུང

མཁའ་དབྱིངས་ཀྱི་སྤྲིན་དཀར་མཐོང་བས

ཕ་ཡུལ་གྱི་ལུག་ཁྱུ་དྲན་བྱུང

དེ་རིང་བག་ལྷོད་པོར་རྒྱུ་བའི་སྤྲིན་དཀར་ལེབ་མོ་འདི་དག

ཕ་ཡུལ་གྱི་ནམ་མཁའ་ནས་འཕྱུར་མྱོང་བའི་ཆུ་འཛིན་མིན་ནམ

བྱ་ཆེན་གྱི་གཤོག་ཟུང་བརྐྱངས་འདྲའི་ཤར་གྱི་སྤྲིན་དཀར

གླང་ཆེན་གྱི་སྣ་ཞགས་གུག་འདྲའི་ནུབ་ཀྱི་སྤྲིན་དཀར

ཨ་ཕས་ལུག་བལ་བྲེགས་ཏེ་སྤུངས་འདྲའི་ལྷོ་ཡི་སྤྲིན་དཀར

ཨ་མས་ཞོ་གསར་བསྙལ་ཏེ་ཆགས་འདྲའི་བྱང་གི་སྤྲིན་དཀར


སྤྲིན་དཀར་གྱི་ཚོམ་བུ་སྦྲ་ནག་གི་ཁ་ཚུབ་ལས་བཞད་དེ

སེམས་ཀྱི་མཁའ་དབྱིངས་ལ་སིལ་སིལ་བབས་འོངས

ཉི་འོད་ཀྱི་ངོགས་སུ་གཡོ་སྐྱོང་བྱེད་པའི

རི་ལུང་ཐང་གི་གཡང་དཀར་ལུག་ཁྱུར་འདྲེས་ཏེ

བདེ་སྐྱིད་ཀྱི་སྤང་ཁུགས་ལ་ལྷུང་ལྷུང་བཞུར་འོངས


དུང་མདོག་གི་སྤྲིན་དཀར

མཐིང་མདོག་གི་ནམ་མཁའ་

གསེར་མདོག་གི་ཉི་མ

གཡུ་མདོག་གི་ས་གཞི

ལག་རྩལ་ཉོ་མི་དགོས་པའི་རང་བྱུང་ལྷུན་གྲུབ་ཀྱི་ཚོན་རྩི་སྣ་ཚོགས

བདག་གི་བྱིས་བློར་ངང་གིས་བྱུགས་པའི་ཐ་སྙད་ཀྱི་ལོངས་སྤྱོད

ལོ་ན་དར་མའི་འཇིག་རྟེན་ནས་བོར་ཏེ་ཡུན་རིང་འགོར་སོང


ལག་ནག་ཅིག་གིས་ཨ་སྔོན་བསུབས་ཤིང་སྤྲིན་དཀར་བསྣོགས་ཏེ་

ནར་མ་སོན་པའི་བྱིས་པ་ཚོའི་སེམས་པ་ལོང་བར་བསྒྱུར་པས

ཁོ་ཚོས་ལོང་ཞར་གནམ་སྟོན་གྱི་བརྟུལ་ཞུགས་འཛིན་པ་ལས

ཨ་སྔོན་དང་སྤྲིན་དཀར་གྱི་ཁ་དོག་མཐོང་མ་མྱོང་ལ་བརྗོད་ཀྱང་མི་ཤེས

བྱིས་པ་ཚོ་ལག་ཆགས་པའི་གོ་རིམ་ཁྲོད་ཡུན་གྱིས་ལྐུགས་པར་གྱུར

འདི་ནི་ཕ་ཡུལ་གཏན་ནས་དྲན་མི་སྲིད་པའི་བརྗེད་ཆུ་རེད


དེ་རིང་ཨ་སྔོན་དང་སྤྲིན་དཀར་གྱི་ཁ་དོག་མཐོང་བྱུང

དྭངས་གཙང་ཕ་ཡུལ་གྱི་བརྩེ་བ་དང་དྲོད་ཁོལ་རེག་བྱུང

ངའི་སེམས་པས་གཤོག་ཟུང་བརྐྱངས་ཏེ་བསིལ་ལྡན་ཡུལ་ལ་འཕུར

དྲི་བཞོན་རླུང་གིས་སྐྱོད་ཀྱིན་དལ་གྱིས་ཕེབས་འོང་བའི

གདུགས་ལྟར་མཛེས་པའི་དབྱར་གཞུང་གི་ཆུ་འཛིན་ཕོན་པོ་ཞིག

ང་དང་ངའི་ཆུང་འདྲིས་རྩེད་རོགས་ཚོའི་སྟེང་ན་རྣམ་པར་བཞད་འདུག

ང་ཚོས་མཉམ་དུ “ཨ་ཁུ་ཉི་མ་དྲོ་དྲོ” ཞེས་ཤེད་ཀྱིས་བོས


《ཕ་ཡུལ》ལ་ཉན་ཐེངས་རེར་ཕ་ཡུལ་གྱི་ཡོད་ཚད་དྲན་ཡོང

གཟུགས་མེད་ཀྱི་བང་མཛོད་ཆེན་པོ་དེའི་ཉམས་རྒུད་དྲན་ཡོང

གཉེན་ཉེ་སྤུན་ཟླ་ཚོའི་ཐབས་ཟད་འུ་ཐུག་གི་ངོ་གདོང་དྲན་ཡོང

སྐྱེས་དཔུང་རྫོགས་མ་ནུས་པའི་རྩྭ་ཕྲན་དག་གི་ལས་དབང་དྲན་ཡོང


ཕ་ཡུལ་གྱི་རི་ཆུ་སྤང་ཐང་བཞིན་འགྱུར་ཉེན་ཆེ་བའི་སྤྲིན་དཀར

དུས་ནམ་ཞིག་མ་འོངས་ལོ་རྒྱུས་ཀྱི་གླེགས་བམ་དུ་འཁོད་ཚེ

བུ་རྒྱུད་ཚོས་ཕ་ཡུལ་དང་ཕ་ཡུལ་གྱི་ཁ་དོག་ངོས་ཟིན་ནམ

རེ་སྨོན་དང་སེམས་ཚེགས་ལ་འདྲེས་པའི་ཕ་ཡུལ་གྱི་སྤྲིན་དཀར

ཚེ་སྲོག་གི་རྒྱལ་སྲིད་མ་ཉམས་བར་དུ་བརྗེད་མི་ཐུབ་པའི་ཁྱོད་རང

༢༠༡༠ ལོའི《གངས་རྒྱན་མེ་ཏོག》དེབ་གསུམ་པ་ལས་བདམས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号