དག་ཡིག«སྨྲ་སྒོ་མཚོན་ཆ»ཡི་རྩ་བ་དང་འགྲེལ་བ་སུས་མཛད་པའི་སྐོར་གླེང་བ།

རྡོ་རྗེ་སྒྲོལ་མ། 

གནད་བཏུས། དག་ཡིག«སྨྲ་སྒོ་མཚོན་ཆ»ནི་དུས་ཀྱི་ཆ་ནས་བསྟན་པ་ཕྱི་དར་གྱི་རིང་ལ་བྱུང་བའི་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་ཐོག་མ་ཡིན་ལ། ནང་དོན་གྱི་ཆ་ནས་དེ་ནི་ལུང་སྟོན་པ་རྩ་བ་སུམ་ཅུ་པ་དང་། ལུང་སྟོན་པ་རྟགས་ཀྱི་འཇུག་པའི་ཡན་ལག་གི་བསྟན་བཅོས་ལྟ་བུ་ཡིན་ཏེ། «སྨྲ་སྒོ་མཚོན་ཆ»རུ་སུམ་རྟགས་གཉིས་སུ་བསྟན་མེད་པའི་ཡི་གེའི་སྐྱེ་གནས་དང་མིང་གི་དབྱེ་བ་སོགས་བསྟན་ཡོད་པར་མ་ཟད། ཚིག་ཕྲད་ཁག་གི་འཇུག་དོན་ཡང་རྒྱས་པར་བསྟན་ཡོད། ཡིན་ཡང་། «སྨྲ་སྒོ་མཚོན་ཆ»ཡི་རྩ་བ་དང་འགྲེལ་བ་སུས་མཛད་པའི་སྐོར་ལ་ད་དུང་དོགས་དཔྱོད་ཀྱི་གནད་མང་དུ་ཡོད་པས་འདིར་དེའི་སྐོར་ལ་རགས་ཙམ་དཔྱད་པར་བྱ།

གནད་ཚིག སྨྲ་སྒོ་མཚོན་ཆ། སྨྲྀ་ཏི་ཛྙཱ་ན་ཀཱིརྟི། སྨྲ་སྒོ་མཚོན་ཆའི་འགྲེལ་པ།

བོད་ལ་ནང་པ་སངས་རྒྱས་པའི་བསྟན་པ་དར་བའི་དུས་རིམ་དེ་ལ་བོད་ཀྱི་སྔར་ཡོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་གྲུབ་མཐའི་གཞུང་དུ་བསྟན་པ་སྔ་དར་དང་ཕྱི་དར་ཞེས་དབྱེ་བ་བཀར་ཡོད་དེ། འདི་ལྟར་བསྟན་པའི་དར་རྒུད་ཀྱི་དབྱེ་མཚམས་དེ་དང་བསྟུན་ནས་བརྡ་སྤྲོད་པའི་བསྟན་བཅོས་དག་ཀྱང་དུས་རིམ་གཉིས་སུ་དབྱེ་ན། «སྨྲ་སྒོ་མཚོན་ཆ»ནི་དེ་འདྲའི་དབྱེ་མཚམས་ཀྱི་མཚམས་ཐིག་ལྟ་བུར་གྱུར་ཡོད་ལ། «སྨྲ་སྒོ་མཚོན་ཆ»ནི་བསྟན་པ་ཕྱི་དར་གྱི་རིང་ལ་བྱུང་བའི་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་ཐོག་མ་རུ་བཞག་ཆོག ཡིན་ན་ཡང་། «སྨྲ་སྒོ་མཚོན་ཆ»ཡི་རྩ་བ་མཛད་པ་པོ་དང་འགྲེལ་བ་གནང་མཁན་སུ་ཡིན་པའི་ཐད་ལ་གླེང་ཕྱོགས་མི་འདྲ་བ་དུ་མ་ཡོད་པས། འདིར«སྨྲ་སྒོ་མཚོན་ཆ»ཡི་རྩ་བ་མཛད་པ་པོ་དང་འགྲེལ་བ་གནང་མཁན་ཕྱོགས་གཉིས་ཙམ་ཏུ་བཀར་ནས་དཔྱད་ན།

དང་པོ་ནི«སྨྲ་སྒོ་མཚོན་ཆ»ཡི་རྩ་བ་དེ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡིས་མཛད་པར་དགོངས་པའི«སྨྲ་སྒོ་མཚོན་ཆ»ཡི་གཞུང་གི་རྗེས་འབྲང་པའི་སྐོར་ཞིག་དང་། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡིས་མཛད་པར་མི་འདོད་པར«སྨྲ་སྒོ་མཚོན་ཆ»ཡི་གཞུང་ལ་དགག་པ་གནང་མཁན་སྐོར་ཞིག་གོ །པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡིས་མཛད་པ་མིན་པར་འདོད་པའི་སྐོར་ལ་ཡང་བཤད་ཕྱོགས་གསུམ་ཙམ་ཡོད་དེ། གཅིག་ནི་དཔང་ལོ་ཙཱ་བས་བོད་ཀྱི་པཎྜི་ཏ་སྐྱེས་ཐོབ་ཀྱི་ཤེས་རབ་དགའ་ཚད་ཡོད་པ། མཁས་པར་རློམ་པ། བློ་གཟུ་བོ་ཞིག་གིས་ལེགས་ལེགས་འདྲ་བྱས་པར་སྣང་ངོ་། །[1]ཞེས་བོད་ཀྱི་པཎྜི་ཏ་ཞིག་གིས་བརྩམས་པར་བཞེད་པ་དང་། གཉིས་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རོང་ཟོམ་ཆོས་བཟང་གིས་མཛད་པར་འདོད་པ་དང་། གསུམ་ནི་རྒྱ་གར་གྱི་པཎྜི་ཏ་གཞན་ཞིག་གིས་མཛད་པར་འདོད་མཁན་བཅས་རིགས་གསུམ་ཡོད།

གཉིས་པ་ནི«སྨྲ་སྒོ་མཚོན་ཆ»ཡི་འགྲེལ་བ་སུས་མཛད་པའི་སྐོར་ཡིན་ལ། འགྲེལ་བ་སུས་མཛད་པ་དེ་ལ་ཡང་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡིས་རང་འགྲེལ་མཛད་པར་དགོངས་པའི་བཞེད་ལུགས་ཤིག་དང་། རོང་ཟོམ་ཆོས་བཟང་གིས་འགྲེལ་བ་མཛད་པར་གྲགས་པའི་བཞེད་ལུགས་མི་མཐུན་པ་གཉིས་ཡོད། «སྨྲ་སྒོ་མཚོན་ཆ»ཡི་གཞུང་གི་རྩོམ་སྟངས་དང་བརྗོད་བྱ་དོན་གྱི་ཆ་གང་ནས་དཔྱད་ནའང་། གཞུང་དེ་ནི་རྩ་བ་དང་འགྲེལ་བ་ཟུང་འཇུག་གི་རྣམ་པར་བརྩམས་ཡོད་པས། པཎྜི་ཏ་ཁོང་གིས་ཕྱིས་སུ་སླར་ཡང་འགྲེལ་བ་ཞིག་རྩོམ་པའི་དགོས་པ་མེད་པར་མ་ཟད། རང་འགྲེལ་དུ་གྲགས་པའི«སྨྲ་སྒོ་མཚོན་ཆ»ཡི་འགྲེལ་བ་དེ་དང་། རོང་ཟོམ་ཆོས་བཟང་གིས་མཛད་པའི་འགྲེལ་བ་གཉིས་རྗོད་བྱེད་ཚིག་དང་བརྗོད་བྱ་དོན་གཉིས་ཀྱི་ཆ་གང་ནས་ཀྱང་གཅིག་པར་ཡོད་པས། དེ་གཉིས་མི་གཅིག་གིས་མཛད་པ་ལས་སོ་སོར་ལོགས་སུ་བྱུང་བའི་འགྲེལ་བར་མི་འདོད་དོ། །

གཅིག «སྨྲ་སྒོ་མཚོན་ཆ»ཡི་རྩ་བ་སུས་མཛད་པའི་སྐོར།

«སྨྲ་སྒོ་མཚོན་ཆ»ཡི་རྩ་བ་སུས་མཛད་པའི་སྐོར་ལ་བོད་ཀྱི་ཆོས་འབྱུང་དེབ་ཐེར་ཁག་ཏུ་བཞེད་ལུགས་མི་མཐུན་པ་མང་པོ་ཡོད་མོད། བུ་སྟོན་ཆོས་འབྱུང་དུ། དེ་ནས་པཎྜི་ཏ་རཱ་ཛ་ཤྲཱི་བྱཱ་ཀ་ར་ཎ་ཞེས་གྲགས་སོ། །དུས་ཕྱིས་པཎྜི་ཏ་སྨྲྀ་ཏིས་བོད་ལ་ཕན་པའི«སྨྲ་སྒོ་མཚོན་ཆ»མཛད་དོ། །[2]ཞེས་གསུངས་པ་དང་། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་དུ།ལི་ཆུ་གསེར་ཁབ་ཏུ་བྱོན་ནས་བོད་ལ་ཉེ་བར་མཁོ་བའི་སྒྲའི་བསྟན་བཅོས«སྨྲ་སྒོ་མཚོན་ཆ»མཛད།[3]ཞེས་གསུངས་པ་བཞིན་ཆོས་འབྱུང་དེབ་ཐེར་འདི་གཉིས་ཀྱི་རྗེས་འབྲང་ནས་ད་ལྟ་མི་མང་ཤས་ཀྱིས«སྨྲ་སྒོ་མཚོན་ཆ»ནི་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡིས་མཛད་པར་འདོད་མོད། «སྨྲ་སྒོ་མཚོན་ཆ»ནི་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ་མིན་པར་བཞེད་མཁན་ཡང་ཡོད་དེ། བཞེད་ཚུལ་དེ་ནི་ཐོག་མར་དཔང་ལོ་ཙཱ་པ་བློ་གྲོས་བརྟན་པའི་ཚོགས་གསུམ་གསལ་བ་རུ། གང་ཡང་སྨྲ་སྒོ་ལ་སོགས་པར། །ཨལ་པ་པྲཱ་ཎ་གཉིས་གཅིག་ཡིན། །མཧཱ་པྲཱ་ཎ་གཅིག་གཉིས། །ཞེས་དང་། སྲོག་ཆུང་བ་དང་ཆེ་བའི་དཔེར་བརྗོད་ཕཊའི་ཊ་ལྟ་བུ་དང་། །སྡེ་བའི་ཞེས་པ་རྣམས་ལ་བྱས་པ་ནི་མི་ཤེས་བཞིན་ཏུ་རང་བཟོ་བྱས་པ་ཡིན་ཏེ། སློབ་དཔོན་ཙནྡྲ་གཽ་མིའི་གཞུང་དང་འགལ་བས་སོ། །[4]ཞེས«སྨྲ་སྒོ་མཚོན་ཆ»ཡི་གཞུང་དོན་ལེགས་སྦྱར་སྒྲ་རིག་པའི་གཞུང་དང་འགལ་བར་མ་ཟད། བརྗོད་དོན་ཕན་ཚུན་འདྲེས་པ་དང་། རྗོད་བྱེད་དེ་སྒྲའི་ལུགས་ལ་མེད་པའི་ཕྱིར་དང་། རྗོད་བྱེད་དེ་སྒྲའི་མདོ་ཚིག་གི་རིགས་མ་ཡིན་པས་སོ། །[5]ཞེས«སྨྲ་སྒོ་མཚོན་ཆ»རུ་ལེགས་སྦྱར་སྒྲ་རིག་པའི་གཞུང་ལས་འདས་པའི་ཐ་སྙད་དང་། བརྡ་སྤྲོད་པའི་གཞུང་གི་ཐ་སྙད་མ་ཡིན་པ་སྣ་ཚོགས་ཡོད་ཅེས་དགག་བཞག་མཛད་ནས། «སྨྲ་སྒོ་མཚོན་ཆ»ནི་བོད་ཀྱི་པཎྜི་ཏ་མཁས་པར་རློམ་པ་བློ་གཟུ་བོར་གནས་པ་ཞིག་གིས་བརྩམས་པར་བཞེད་པར་མ་ཟད། དུས་ཕྱིས«སྨྲ་སྒོ་མཚོན་ཆ»ནོར་བ་ལ་དག་བཅོས་གནང་མ་ནུས་པ་ཡང་བསྟན་པ་ཕྱི་དར་ནས་བོད་ཀྱི་ལོ་ཙཱ་པའི་སྡེ་ཡིས་ལེགས་སྦྱར་སྒྲ་རིག་པའི་གཞུང་ལ་དཔྱིས་ཕྱིན་པའི་བློ་སྦྱོང་མ་གནང་བས«སྨྲ་སྒོ་མཚོན་ཆ»ཡི་སྐྱོན་མ་མཐོང་བར་མ་ཟད་དེ་ལ་འགྲེལ་པ་མཛད་ཅེས་གསུངས་ནས«སྨྲ་སྒོ་མཚོན་ཆ»ནི་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ་མིན་པར་དགག་པ་གནང་ཡོད།

རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས«སྨྲ་སྒོ་མཚོན་ཆ»སུས་མཛད་མིན་གྱི་ཐད་ལ་བཞེད་པ་གནང་མེད་མོད། དཔང་ལོ་ཙཱ་བས་དེ་ལྟར་གསུངས་པ་ནི་སྐབས་དེའི་རྒྱ་གར་ནས་བསྒྱུར་བའི་སྒྲ་གཞུང་རྣམས་ཀྱི་འཕྲིན་ལས་ལ་གནོད་པར་དོགས་ནས་དགོངས་པ་ཅན་གྱི་གསུང་ཡིན་ཞེས་གསུངས་པའི་དོན་ལ་དཔྱད་ན་ཁོང་གིས«སྨྲ་སྒོ་མཚོན་ཆ»ཡི་མཛད་པ་པོ་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་མིན་པའི་དགག་པ་གནང་མེད། གཞན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིས«སྨྲ་སྒོ་མཚོན་ཆ»ནི་རོང་ཟོམ་ཆོས་བཟང་གིས་མཛད་པར་འདོད་ལ། སི་ཏུ་གཙུག་ལག་ཆོས་ཀྱི་འབྱུང་གནས་ཀྱི་སུམ་རྟགས་ཀྱི་བརྡ་སྤྲོད་པའི་གཞུང་དོན་འགྲེལ་པར«སྨྲ་སྒོ་མཚོན་ཆ»ལུང་གི་རྒྱབ་བརྟེན་དུ་བཅོལ་ཡོད་མོད་རྒྱ་གར་གྱི་པཎྜི་ཏས་བརྩམས་པ་མིན་པར་བཞེད།

གོང་དུ་བཀོད་པ་ལྟར་སྔོན་གྱི་བརྡ་སྤྲོད་མཁན་པོ་ཚོས་«སྨྲ་སྒོ་མཚོན་ཆ»ཡི་རྩ་བ་སུས་མཛད་པའི་ཐད་ལ་བཞེད་དགོངས་མི་མཐུན་པ་མང་པོ་ཡོད་མོད། «སྨྲ་སྒོ་མཚོན་ཆ»ཡི་བརྗོད་བྱའི་དོན་གྱི་ཐད་ནས་ལུང་སྟོན་པ་རྩ་བ་སུམ་ཅུ་པ་དང་ལུང་སྟོན་པ་རྟགས་ཀྱི་འཇུག་པའི་དགོངས་པ་དང་མཐུན་ལ། སུམ་རྟགས་གཉིས་སུ་བསྟན་མེད་པའི་ཡི་གེའི་སྐྱེ་གནས་དང་། མིང་གི་ངེས་ཚིག་དང་དབྱེ་བ་སོགས་གསལ་ཁ་བཏོད་ནས་བསྟན་ཡོད་པར་མ་ཟད། ཚིག་ཕྲད་ཀྱི་འཇུག་དོན་དང་དབྱེ་བ་ལ་སྔར་བས་ཞིབ་ཚགས་པའི་སྒོ་ནས་བསྟན་པས། བོད་སྐད་ཀྱི་སྐད་ཆའི་སྦྱོར་བ་དང་མཐུན་པའི་སྐད་ཀྱི་འགྱུར་བ་དང་། བོད་ཀྱི་བརྡ་སྤྲོད་པའི་གཞུང་གང་གི་ཁུངས་གང་ལ་གཏུགས་པའི་ལེགས་སྦྱར་གྱི་སྒྲ་རིག་པའི་གཞུང་གི་ཁྱད་ཆོས་ཀྱང་འདུ། རྗོད་བྱེད་ཚིག་གི་ཆ་ནས་རྩ་བ་ནི་ཚིག་ཉུང་དོན་འདུས་ཡིན་ལ། འགྲེལ་པ་ཡང་རྒྱས་བསྡུས་ཅི་རིགས་ཀྱི་སྒོ་ནས་གནད་འགངས་ཆེན་ལ་རྒྱས་པའི་སྒོ་ནས་འགྲེལ་པ་གནང་བར་ཟད། མིའི་ལུས་ཀྱི་འདུ་བྱེད་དང་ཕྱི་རོལ་ཡུལ་གྱི་དངོས་པོའི་གཟུགས་ཀྱི་དབྱིབས་ལ་སྦྱར་ཏེ་དཔེ་སྣ་ཚོགས་ཀྱི་སྒོ་ནས་བསྟན་ཡོད།

«སྨྲ་སྒོ་མཚོན་ཆ»ཡི་གཞུང་གི་བསྟན་བྱ་དེ་དག་ཕུད། རྩ་བ་མཛད་པ་པོ་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡིན་པའི་སྒྲུབ་བྱེད་ལ། གཅིག་ནི«སྨྲ་སྒོ་མཚོན་ཆ»ཡི་རྩ་བའི་མཇུག་ཏུ། རྒྱ་གར་གྱི་མཁན་པོ་དྲན་པའི་ཡེ་ཤེས་གྲགས་པས། བླ་མ་ནོར་བཟང་གྲགས་པ་ལས་ཐོས་ཏེ། སློབ་མ་གཞོན་ནུ་གྲགས་པའི་དོན་དུ། མིང་གི་སྦྱོར་བ་ནི་ཅུང་ཟད་བཞག །ཕྲད་ཀྱི་སྦྱོར་བ་ནི་ཅུང་ཟད་བཤད་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།ཞེས་བཀོད་པ་ལྟར་ན། བོད་ཀྱི་སྔོན་བྱོན་གྱི་ལོ་ཙཱ་པ་དང་དགེ་སློང་དག་གི་མཚན་འདོགས་སྟངས་ནི་རྒྱ་གར་གྱི་པཎྜི་ཏ་ཚོའི་ཆོས་མིང་འཛིན་པ་སྟེ། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་སད་མི་བདུན་མཁན་ཆེན་ཞི་བ་འཚོའི་དྲུང་ནས་རབ་ཏུ་བྱུང་བ་ལ་མཁན་པོའི་མཚན་གྱིས་ཟུར་བརྒྱན་ཡོད་པ་ནི། བོ་དྷི་ས་ཏྭའི་མཚན་ཤཱནྟ་རཀྵི་ཏའི་ཟུར་གྱི་རཀྵི་ཏ་འདི་རྣམས་ཀྱི་མིང་མཐར་ལྡན་པ་སྟེ། བཻ་རོ་ཙ་ན་རཀྵི་ཏ་ཅེས་སོགས་ཡོད་པར་སྣང་ངོ་། །[6]ཞེས་རབ་ཏུ་བྱུང་བའི་མཚན་ནི་པཎྜི་ཏ་གང་ལས་རབ་ཏུ་བྱུང་བའི་མཚན་གྱིས་གྲུབ་པ་ཡིན་པས། དྲན་པའི་ཡེ་ཤེས་གྲགས་པ་རྒྱ་གར་གྱི་པཎྜི་ཏས་སུ་ཞིག་སློབ་དཔོན་དུ་བསྟེན་པ་ནི་ཁོང་གི་མཚན་ལས་ཤེས་ཐུབ་སྟེ། «སྨྲ་སྒོ་མཚོན་ཆ»ཡི་གཞུང་གི་མཇུག་བྱང་དང་བསྟུན་ཚེ་བླ་མ་ནོར་བཟང་གྲགས་པ་ཡིན་པ་ཤེས་ཐུབ་པས། བླ་མ་ནོར་བཟང་གྲགས་པ་ནི་སྨྲི་ཏི་ཛྙཱ་ན་ཀཱིརྟི་ལ་དགེ་སློང་གི་སྡོམ་པ་གནང་མཁན་ཡིན་པར་བཞེད་པ་བདེན་པར་སྣང་། སློབ་མ་གཞོན་ནུ་གྲགས་པའི་དོན་དུ་ཞེས་གཞོན་ནུ་གྲགས་པ་སྟེ་པཎྜི་ཏ་ཁོང་གི་སློབ་མ་སུ་ཡིན་པ་ང་ཚོས་ཁ་ཚོན་གཅོད་མི་ནུས་མོད། དྲན་པའི་ཡེ་ཤེས་གྲགས་པ་ནས་རབ་ཏུ་བྱུང་བའི་པཎྜི་ཏ་ཁོང་གི་སློབ་མ་ཞིག་ཡིན་པ་ཤེས་ནུས། དེ་བས། ང་ཚོས«སྨྲ་སྒོ་མཚོན་ཆ»ནི་དྲན་པའི་ཡེ་ཤེས་གྲགས་པས་མཛད་པའི་ལེགས་སྦྱར་གྱི་སྒྲ་རིག་པའི་གཞུང་རྒྱབ་རྟེན་དུ་བྱས་པ་མ་ཟད། བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུང་སྟོན་པ་རྩ་བ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གཉིས་ཀྱི་དགོངས་པ་དང་མཐུན་པའི་བོད་ཀྱི་བརྡ་སྤྲོད་པའི་གཞུང་ཞིག་ཡིན་པ་དཔག་ནུས་སོ། །
གཉིས། སྨྲ་སྒོ་མཚོན་ཆའི་འགྲེལ་པ་སུས་མཛད་པའི་སྐོར།

«སྨྲ་སྒོ་མཚོན་ཆ»ལ་འགྲེལ་པ་དུ་མ་ཞིག་ཡོད་མོད། འགྲེལ་པ་དེ་དག་ལས་འགྲེལ་པ་ཅུང་རྒྱས་ཤོས་ནི་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡིས་རང་འགྲེལ་མཛད་པར་གྲགས་པའམ། རོང་ཟོམ་ཆོས་བཟང་གིས་མཛད་པར་གྲགས་པའི་འགྲེལ་པ་དེ་ཡིན། «སྨྲ་སྒོ་མཚོན་ཆ»ཡི་གཞུང་གི་ཆ་ནས་བལྟས་ན་རྩ་བ་ཁོ་ན་ཙམ་མ་ཡིན་པར་གཞུང་གི་མགོའི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་བཅས་ཚིགས་བཅད་རྐང་པ་ལྔ་མ་གཏོགས་གཞུང་གི་ཤོ་ལོ་ཀ་སོ་སོར་རྩ་བ་བཀོད་མ་ཐག་རིམ་པར་རྩ་བ་དེ་ཉིད་ལ་རྒྱས་འགྲེལ་ཀྱིས་ཤོ་ལོ་ཀ་རེ་བཀོད་པའི་རྣམ་པ་ཞིག་མངོན་ཡོད་དེ། «སྨྲ་སྒོ་མཚོན་ཆ»ཡི་གཞུང་གི་རྩ་བར། དྲང་པོ་བསྒྲེང་དང་བཀུག་པ་དང་། །བསྟོད་པ་དང་ནི་སྨད་པ་དང་། །བསྒྲིམས་དང་གློད་པའི་ང་རོ་འབྱུང་། །ཞེས་གསུངས་པ་ནང་བཞིན། དང་པོར་ཡི་གེའི་སྐྱེ་གནས་དང་ཡི་གེ་སྐྱེས་པའི་རྒྱུ་བསྟན་མ་ཐག་བྱེད་པ་དྲུག་ཏུ་གྲགས་པའི་ནང་གསེས་ཕྲད་དང་ཅུང་ཟད་ཕྲད་པ། དོག་པ་དང་ཡངས་པའི་བྱེད་པ་བཞིས་བསྐྱེད་པའི་དབྱངས་ཀྱི་ང་རོ་བདུན་བསྟན་པ་སྤྱིར་བསྟན་དུ་འདོད། དྲང་པོ་བཀུག་དང་སྨད་པ་དང་། །བསྒྲིམས་པ་དང་ནི་གློད་པ་ལ། །གྲྭར་དང་ཙཱང་གིས་ཕྱེ་བ་དང་། །བསྒྲེང་དང་བསྒྲེང་སྟེ་བཀུག་པ་དང་། །བསྟོད་དང་བསྟོད་དེ་སྨད་པ་དང་། །སྣ་ལྡན་རྣམ་པར་བཅད་པ་ཡིས། །ང་རོ་བཅུ་དྲུག་དག་ཏུ་འདོད། །ཞེས་བསྟན་པ་དེས་བྱེ་བྲག་ཏུ་རྩ་བའི་དབྱངས་ཀྱི་ང་རོ་བདུན་ལས་དབྱངས་ཀྱི་ང་རོ་བཅུ་དྲུག་དུ་འགྱུར་ལུགས་བསྟན་པ་དང། དེ་ལྟར«སྨྲ་སྒོ་མཚོན་ཆ»ཡི་གཞུང་དུ་རྩ་བ་དང་འགྲེལ་པ་གཉིས་ཀྱི་སྒོ་ནས་བསྟན་ཡོད། འགྲེལ་པ་དེ་ཡང་ཚིག་ངོས་ཀྱི་འགྲེལ་པ་ཙམ་མ་ཟད། དབྱངས་ཀྱི་འགྱུར་བ་དེ་དག་མིའི་ལུས་ཀྱི་འདུ་བྱེད་བདུན་ལ་སྦྱར་ནས་བསྟན་པ་ནི། «སྨྲ་སྒོ་མཚོན་ཆ»ཡི་རྩ་བར། མཚོན་འདེབས་གར་དང་ལས་བྱེད་དང་། །སྟབས་འགྲོས་ལྟ་སྟངས་བྱེ་བྲག་དང་། །རྐང་ལག་མིག་གི་འགྱུར་བག་གིས། །ལུས་ཀྱི་འདུ་བྱེད་བདུན་པོ་ནི། །ཐད་ཀར་ལྟ་དང་གྱེན་དུ་ལྟ། །དེ་བཞིན་བཟློག་སྟེ་ལྟ་བ་དང་། །བསྟོད་དེ་ལྟ་དང་སྨད་དེ་ལྟ། །བསྒྲིམ་དང་ཀློད་དེ་ལྟ་བ་ལྟར། །གང་ལ་སོགས་པའང་དེ་བཞིན་ཏེ། །ལུས་ཀྱི་འདུ་བྱེད་བདུན་པོ་ལྟར། །ངག་གི་འདུ་བྱེད་དེ་བཞིན་ནོ། །[7]ཞེས། ལུས་ཀྱི་དབང་བོ་དཔེར་ན་མིག་གིས་ཕ་རོལ་དངོས་པོ་ལ་ལྟ་བའི་ཚེ། དྲང་པོར་ལྟ་བ་དང་། གྱེན་དུ་ལྟ་བ། ཕྱོགས་གཞན་ནས་བསྐོར་ཞིང་ཕྱིར་བཟློག་སྟེ་ལྟ་བ། མིག་འཕང་བསྟོད་དེ་ལྟ་བ། མིག་འཕང་སྨད་དེ་ལྟ་བའི་རྣམ་འགྱུར་དེ་དག་དང་མཐུན་པའི་སྒོ་ནས་སྒྲའི་རྣམ་པ་དེ་དག་ཀྱང་། མིའི་མིག་གིས་ཕྱི་རོལ་ཡུལ་གྱི་གཟུགས་ལ་ཅི་ལྟར་ལྟ་བའི་རྣམ་འགྱུར་ལྟར་སྦྱར་བ་སྟེ། དབྱངས་ཨ་ནི། མིག་གིས་ཕྱི་རོལ་དུ་ཡོད་པའི་གཟུགས་དེ་ལ་ཐད་ཀར་ལྟ་བ་ལྟར། ཀློག་པའི་ཚེ་ན་ལྕེ་རང་གནས་སུ་བཞག་ཆོག་པ་དང་། དབྱངས་ཨི་ནི་མིག་གིས་ཕ་རོལ་གྱི་གཟུགས་དེ་ལ་གྱེན་དུ་ལྟ་བ་ལྟར་ཀློག་པའི་ཚེ་ན་ལྕེའི་རྩེ་མོ་གྱེན་དུ་འདེགས་པའོ། །དེ་བཞིན་དབྱངས་ཨོ་དང་ཨུ། རྀ་དང་། ལྀ་བཅས་ཀྱི་སྒྲའི་གདངས་ཀྱི་རྣམ་པ་དེ་དག་ཀྱང་རིགས་འགྲེས་ནས་ཤེས་ཐུབ། དེར་མ་ཟད་དབྱངས་ཀྱི་ང་རོ་དེ་དག་ངག་ནས་འབྱིན་པའི་རྣམ་པ་དེ་ཕྱི་རོལ་ཡུལ་གྱི་དངོས་པོའི་རྣམ་པར་དཔེ་བལྟས་ནས་དབྱངས་དེ་དང་འདྲ་བའི་དངོས་པོ་བསྟན་པ་ནི། «སྨྲ་སྒོ་མཚོན་ཆ»ཡི་གཞུང་དུ། དེ་བསྟན་དབྱིབས་ཀྱི་གནས་ལུགས་ཀྱང་། །མདའ་དང་བསེ་རུ་གླང་ཆེན་སྣ། །གདུགས་དང་རྐང་རྟེན་ལྟ་བུ་དང་། །མེ་རི་ཆུ་ཡི་དཀྱིལ་འཁོར་ལྟར། །ཐད་ཀར་ཟུར་དང་ཟུར་ལོག་དང་། །སྟེང་འོག་རང་གི་ལུས་རྣམས་ལ། །གནས་པའི་བརྡ་འདི་ཤེས་པར་བྱ། །[8]ཞེས་པ་ལྟར། རྩ་བའི་དབྱངས་བདུན་པོ་ལས་དབྱངས་ཨ་ནི་དྲང་པོ་སྟེ། ལྕེ་ལ་ཀུག་ཀྱོག་སོགས་ཀྱི་འགྱུར་བ་གང་ཡང་སྟོན་མི་དགོས་པར་དྲང་མོར་གནས་པ་སྟེ་མདའ་ལྟ་བུ་དང་། དབྱངས་ཨི་ངག་ནས་ཀློག་པའི་ཚེ། ལྕེའི་རྩེ་མོ་གྱེན་དུ་བཏེགས་ནས་ཀློག་པ་བསེ་རུའི་རྭ་དང་དབྱངས་ཨུ་ནི་གླང་ཆེན་གྱི་སྣ་ལྟར་བཀུག་པ་བཅས་དབྱངས་དེ་དག་ངག་ནས་ཀློག་པའི་ཚེ། ལྕེའི་རྣམ་པ་སྟེ་དྲང་མོ་མདའ་འདྲ་བ། བསྒྲེང་བ་བསེ་རུའི་རྭ་ལྟ་བུ། བཀུག་པ་གླང་ཆེན་གྱི་སྣ་ལྟར་བཀུག་པ། བསྟོད་པ་གདུགས་དང་། སྨད་པ་སྐྱེས་བུའི་རྐང་རྟེན་ལྟ་བུ་སོགས་དངོས་པོའི་ཆ་བྱད་ཀྱི་དབྱིབས་དང་མཐུན་པར་སྦྱར་ནས། གཞུང་གི་རྩ་བའི་གནད་དེ་དག་སྐྱེས་བུ་ཕལ་བས་རྟོགས་ནུས་པའི་དཔེས་སྒོ་ནས་བསྟན་པས«སྨྲ་སྒོ་མཚོན་ཆ»ཡི་རྩ་བ་འདི་ལ་རྩ་འགྲེལ་ཟུང་ལྡན་གྱི་ཁྱད་ཆོས་མངའ་བར་འདོད། དེ་བས། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་ཁོང་གིས་ཕྱིས་སུ་དེ་ལ་འགྲེལ་བ་ཞིག་རྩོམ་པའི་དགོས་པ་མེད་པར་སྙམ། དེར་མ་ཟད་རོང་ཟོམ་ཆོས་བཟང་གིས་མཛད་པའི་འགྲེལ་བ་དེ་དང་པཎྜི་ཏ་ཁོང་གིས་རང་འགྲེལ་དུ་མཛད་པར་གྲགས་པ་དེ་གཉིས་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གི་ཆ་གང་ནས་ཀྱང་མཐུན་པར་ཡོད་དེ། «སྨྲ་སྒོ་མཚོན་ཆ»ཡི་འགྲེལ་པར་གྲགས་པ་དེ་ནི་རོང་ཟོམ་ཆོས་བཟང་གིས་མཛད་པའི་འགྲེལ་བ་ཡིན་པར་འདོད། དེ་ཡང་ཆོས་མགོ་རྒྱ་གར་དང་། ཆུ་མགོ་གངས་ལ་གཏུགས་པའི་དཔེ་བཞིན། བརྡ་སྤྲོད་པའི་གཞུང་འདི་ཡང་ལེགས་སྦྱར་གྱི་སྒྲ་རིག་པའི་གཞུང་ཙནྡྲ་གོ་མིས་མཛད་པའི་སྒྲ་ཙནྡྲ་བ་ནས་བརྒྱུད་པ་ཡིན་པར་བཤད་དེ། ཡོལ་ལོ་ཙཱ་པ་རྡོ་རྗེ་དབང་ཕྱུག་གིས་མཛད་པའི་དཀར་གླིང་གི་འགྲེལ་པའི་དབུ་རུ། སྨྲ་སྒོ་ཇི་ལྟར་རྒྱུད་པའི་ཚུལ་ནི། ཇོ་བོ་སྨྲྀ་ཏིས་སྒྲའི་བསྟན་ཆོས་ཚིགས་ཆེན་པོ་ལྔ་ལས་ཐ་མ་མཁན་པོ་སློབ་དཔོན་ཙནྡྲ་གོ་མི་ལས་གསན་ནོ། །ཞེས་གསུངས་པ་ལྟར། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡིས་སློབ་དཔོན་ཙནྡྲ་གོ་མི་ལས་སྒྲ་རིག་པ་བསླབས་པ་དང་། ཕྱིས་སུ་མཛད་པའི་བརྡ་སྤྲོད་པའི་གཞུང«སྨྲ་སྒོ་མཚོན་ཆ»ནི་རོང་ཟོམ་ཆོས་ཀྱི་བཟང་པོའི་ཕྱག་ཏུ་ཐོན་ལ་ཁོས་དེ་འགྲེལ་བ་ཞིག་མཛད་ཅེས་པ་ཡང་དཀར་གླིང་གི་འགྲེལ་བའི་དབུ་རུ་འདི་ལྟར་གསུང་ཡོད་དེ། དེའི་དུས་སུ་བོད་ཀྱི་སྐད་དང་བསྟུན་ནས་སྒྲའི་བསྟན་བཅོས«སྨྲ་སྒོ་མཚོན་ཆ»ཡང་བརྩམས་ནས། དེ་ཉིད་རོང་ཟོམ་ཆོས་ཀྱི་བཟང་པོའི་ཕྱག་ཏུ་བྱོན། དེས་རྐྱང་འགྲེལ་བ་མཛད་དོ། །དེ་ལ་རྒྱགས་ཀྱི་མར་པ་ལ་ཚ་བ་དང་། ཡོལ་ལོ་ཙྪ་བ་གཉིས་ཀྱིས་གསན་ནོ། །ཡོལ་ལོ་ཙྪ་བས་ཕྱིས་མར་པ་ལོ་ཙྪ་བ་ལ་ཡང་ཞུས་ནས་ཤིན་ཏུ་མཁས་པར་སྦྱངས་ཏེ། དེ་ནི་སྨྲ་སྒོའི་བརྒྱུད་པའོ། །ཞེས་གསུངས་པ་ལྟར། «སྨྲ་སྒོ་མཚོན་ཆ»ནི་སློབ་དཔོན་ཙནྡྲ་གོ་མི་ནས་བརྒྱུད་པའི་སྒྲ་གཞུང་ལས། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་ལ། དེ་ལ་རོང་ཟོམ་ཆོས་བཟང་གིས་འགྲེལ་པ་མཛད། དེ་ནས་མར་པ་ལོ་ཙཱ་པ། དེ་ནས་ཡོལ་ལོ་ཙཱ་པ་བཅས་པའི་བརྒྱུད་པ་ཡོད་པར་གྲགས་སོ། །རོང་ཟོམ་ཆོས་ཀྱི་བཟང་པོ་ཡི་སྐུའི་སྐྱེ་བ་ལ་བཞེད་ཚུལ་མི་འདྲ་བ་མང་པོ་ཡོད་དེ། ཁོང་གི་རྣམ་ཐར་ལ་ཡོལ་ལོ་ཙཱ་པ་རྡོ་རྗེ་དབང་ཕྱུག་དང་། གཡག་རྡོ་རྗེ་འཛིན་པ་ནས་བརྒྱུད་པའི་རྣམ་ཐར། ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་མཛད་པའི་རྣམ་ཐར་བཅས་ཚང་མ་ཡང་ཡོལ་ཙཱ་པས་མཛད་པའི་རྣམ་ཐར་དེ་མ་གདན་བྱས་ཡོད། རོང་ཟོམ་ཆོས་ཀྱི་བཟང་པོ་ཡི་སྐུའི་སྐྱེ་བ་དེ་ཡང་། གཅིག་ནི་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡི་སྐུའི་སྐྱེ་བ་ཡིན་པར་བཤད་ལ། ཅིག་ཤོས་ནི་ཨ་ཙ་ར་ཕྲ་ལ་རིང་པོ་གྲོང་འཇུག་བྱས་པར་གྲགས། ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་རྒྱ་གར་གྱི་ཨ་ཙ་ར་ནག་པོ་ཞབས་ཆེན་པོ་སྤྱོད་པ་བ་དེ་ཉིད་ཚེ་འཕོས་པ་ཡིན་པར་ཡང་བཤད། ཅེས་པའི་བཞེད་པ་མང་པོ་ཡོད་མོད། ཁོང་གི་རྣམ་ཐར་དག་གི་དོན་གཅིག་ཏུ་བསྒྲིལ་ན་ཁོང་ནི་གཙང་སྨད་སྣར་ལུང་རོང་དུ་ཡང་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱི་སྲས་སུ་འཁྲུངས་ཤིང་། འགར་སྟོན་ཚུལ་ཁྲིམས་བཟང་པོ་ལ་སོགས་སློབ་དཔོན་དུ་བསྟེན་ནས། ཤེས་བྱའི་གནས་མཐའ་དག་ལ་སྦྱངས་བརྩོན་མཛད་ནས་མཁས་པར་གྱུར་པ་ཡིན་ལ། དེ་ཡང་འདུལ་བ་འཚུར་སྟོན་དབྱིག་གཉེན་མཁས། །ཆོག་ཁྲིགས་བཟངས་ཀྱི་མེ་གྲགས་མཁས། །སྒྲ་ཚད་འགོས་ལོ་ཁུག་པ་མཁས། །ཐམས་ཅད་འཛོམས་པ་ཆོས་བཟང་ཙམ། །ཞེས་གྲགས་པའི་གཏམ་མོ། །ད་ལྟ་ལག་སོན་བྱུང་བའི«སྨྲ་སྒོ་མཚོན་ཆ»ཡི་འགྲེལ་བ་ལ་འདི་ལས་གཞན་ཡང«སྨྲ་སྒོ་མཚོན་ཆ»ལ་ཚིག་འགྲེལ་དང་བསྡུས་འགྲེལ་མང་དུ་ཡོད་དེ། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་འགྲེལ་བ་སྨྲ་བའི་རྒྱན་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་སྨྲ་སྒོ་མཚོན་ཆའི་མཆན། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་འགྲེལ་བ་སྨྲ་བའི་རྒྱན། ཡོལ་རྡོ་རྗེ་དབང་ཕྱུག་གིས་མཛད་པའི་སྒྲའི་བསྟན་བཅོས་རིག་པ་བཀླག་པ་སོགས«སྨྲ་སྒོ་མཚོན་ཆ»ཡི་ཚིག་འགྲེལ་དང་བསྡུས་འགྲེལ་མི་འདྲ་བ་དུ་མ་ཡོད།

མདོར་ན། «སྨྲ་སྒོ་མཚོན་ཆ»ཡི་གཞུང་གི་བརྗོད་བྱའི་ཆ་དང་རྗོད་བྱེད་ཀྱི་ཆ་གཉིས་ནས་རྩ་བ་གཞུང་གི་མཛད་པ་པོ་ནི་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀིརྟི་ཡིན་ཞིང་། «སྨྲ་སྒོ་མཚོན་ཆ»ཡི་རང་འགྲེལ་དུ་གྲགས་པ་དེ་ནི་རོང་ཟོམ་ཆོས་བཟང་གིས་གནང་བ་ཡིན་པ་དཔག་ནུས་སོ། །

ཟུར་ལྟའི་དཔྱད་གཞི།
[1] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། [G] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། པོད་ཕྲེང་ཉེར་གསུམ་པ། 2014ལོ། ཤོག་ངོས347པར་གསལ།
[2] བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 1988ལོ། ཤོག་ངོས171པར་གསལ།
[3] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས373པར་གསལ།
[4] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། [G] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། པོད་ཕྲེང་ཉེར་གསུམ་པ། 2014ལོ། ཤོག་ངོས327པར་གསལ།
[5] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། [G] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། པོད་ཕྲེང་ཉེར་གསུམ་པ། 2014ལོ། ཤོག་ངོས347པར་གསལ།
[6] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས300པར་གསལ།
[7] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། [G] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། པོད་ཕྲེང་ཉེར་གསུམ་པ། 2014ལོ།
[8] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། [G] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། པོད་ཕྲེང་ཉེར་གསུམ་པ། 2014ལོ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号