དུས་རབས་བརྒྱད་པ་ནས་བཟུང་། སྤུ་རྒྱལ་གྱི་སྤྱི་ཚོགས་ནང་རྒྱ་གར་གྱི་དྷརྨ་འབྲི་སའི་ཤོག་བུའི་བཟོ་རྩལ་དར་ཡོད་ལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན(༧༥༥-༧༩༦)གྱི་སྐུ་དུས་སུ་བློན་སྣ་ལས་རིགས་བཅོ་བརྒྱད་ཀྱི་རྣམ་གྲངས་ལས་ཤོག་བུ་སྔོན་པོ་དང་སེར་པོ། དཀར་པོ་སོགས་ཁ་དོག་མི་འདྲ་ཞིང་། ཡུག་ཐུང་དང་ཡུག་རིང་བཅས་བཟོ་རྩལ་སྣ་ཚོགས་ཤིག་དར་ཡོད་ཅིང་། ཤོག་བུ་བཟོ་སྒྲུབ་དང་གཡར་ལེན་སོགས་ཀྱི་བཀའ་རྒྱའང་གུད་དུ་བཞུགས་ཡོད། དེའི་ཚུལ་ནི། ནུབ་ཕྱོགས་ཧྥ་རན་སིར་ཉར་ཚགས་གནང་བའི་ཏུན་ཧོང་བོད་ཡིག་གི་ཡིག་ཚང་ཨང་རྟགསp.t.1003ན་དར་མ་བྲི་ཤོག་ཤོག་བཟང་ཞེས་དང་། ཡང་ཨང་རྟགསp.t.1078ན་སྐུ་ཡོན་འབྲི་བའི་ཤོག་ཤོག་ཡུག་རིང་ཞེས་པ། ནུབ་ཏུ་ཉར་བའི་ཏུན་ཧོང་ཡིག་ཆ་ཨང་རྟགསI.T.J.0750ན་བཙན་པོའི་བཀའ་ཁྲམ་དམར་པོ་ཤོག་ཤོག་སེར་པོ་ལ་སྤོས་པ་ཞེས་ཡང་དེར་ཤོག་ཤོག་ཡུག་ཐུང་ཞེས་པའི་ལུང་རྣམས་ལ་ཞིབ་ཏུ་བརྟག་ན། སྤུ་རྒྱལ་བཙན་པོའི་དུས་ཀྱི་ཤོག་བུའི་བྱུང་རབས་དང་། དབྱེ་བ། སྤྱོད་སྒོ་སོགས་ལ་རྒྱུས་ལོན་ཕྲན་བུ་བྱེད་ཐུབ་ཅིང་། ཁྱད་པར་དུ་སྤུ་རྒྱལ་གྱི་ཆོས་རྒྱལ་མཐིང་ཤོག་དང་གླ་རྩིའི་གན་ཤོག་ཅེས་པ་ནི། ཨེ་ཤ་ཡའི་དབུས་རྒྱུད་ལ་ཧ་ཅང་གྲགས་ཆེ་བའི་ཤོག་བུའི་གྲས་ཤིག་ཡིན་ཞིང་། དེ་ལྟ་བུའི་བཙན་པོའི་དུས་ཀྱི་ཤོག་བུའི་བཟོ་རྩལ་དང་བཟོ་ཡུལ་གཙོ་བོ་ནི་ཀོང་ཉང་དྭགས་གསུམ་ལས་དྭགས་པོ་སྟོད་སྨད་ཀྱི་ས་ཆ་དེ་དག་ཡིན།

བོད་སིལ་བུར་འཐོར་བའི་དུས་སྐབས་སུ། སྔར་བཙན་པོའི་སྐུ་དུས་ནས་ཡོད་པའི་ཤོག་བུའི་བཟོ་རྩལ་དང་ཐོན་ཁུངས་སོགས་ཕལ་ཆེར་བདག་མེད་ལྟ་བུར་ཉམས་རྒུད་དུ་ཕྱིན་ནའང་། ས་གནས་འགའ་རེར་ལྷ་ཁང་རྩ་ཆེན་རྣམས་སུ་བཞུགས་པའི་བླ་མ་དང་དེའི་ཡོན་བདག་མི་དབང་སོགས་ལ་སྒེར་གྱི་ཤོག་བུ་བཟོས་ནས་ཆོས་དཔེ་འབྲི་ཡུལ་གནང་པ་དང་། དེ་དག་མྱོས་པའི་སྐྱེས་སུ་མི་སེར་རྣམས་ཀྱིས་ལན་རེར་ཤོག་བུ་བཟོ་བའི་གོམས་སྲོལ་ཡང་ཡོད་ཕྱིར། སྤུ་རྒྱལ་བཙན་པོའི་དུས་ཀྱི་ཤོག་བཟོའི་ལག་རྩལ་གྱི་རྒྱུན་དང་ཤོག་བཟོའི་ཡུལ་མིང་རྙིང་པ་རྣམས་ཕྲན་བུ་ཕྲན་བུའི་ངོ་བོར་འཚོལ་རྒྱུ་ཡོད། སྡེ་སྲིད་ཕག་མོ་གྲུ་བ་དབང་གྲགས་པ་རྒྱལ་མཚན(༡༣༥༦-༡༣༨༦)གྱི་སྐུ་དུས་སུ་བོད་ཀྱི་ཤིང་སྤར་བཟོ་ལས་ཀྱི་དབུ་ཚུགས་པ་ནས་བཟུང་སྔར་གྱི་མོན་ཤོག་སྤྱོད་བཞིན་ཡོད་པ་དང་། རྗེ་བཙུན་ལྔ་བ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོ(༡༦༡༧-༡༦༨༢)ཡི་བཀའ་བཀོད་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོ(༡༦༥༣-༡༧༠༥)ཡིས་བཙན་པོའི་སྐུ་དུས་སུ་དར་བའི་དྭགས་སྨད་ཀྱི་ཤོག་བཟོའི་ལོ་རྒྱུས་དང་ལག་རྩལ་ཆེད་དུ་རྩད་གཅོད་ཀྱིས་བསྐྱར་གསོ་གནང་ཡོད་ཅིང་། ཤོག་བུ་དེའི་རིགས་ལ(སྐྱེམ་ཤོག)ཅེས་པའི་མིང་བཏགས་ཡོད། སྐྱེམ་ཤོག་ནི་སྐྱེམ་སྟོང་ནས་བཟོས་པའི་ཤོག་བུ་རྩེ་གྲས་ཀྱི་རིགས་ཤིག་ཡིན་ལ་བྲེ་ག་ཞེས་སུ་གྲུ་བཞི་ཅན་ཤ་སྟག་མ་གཏོགས་མེད་ཅིང་། རིང་ཐུང་ལ་འདོམ་ཕྱེད་དང་འདོམ་གཉིས་དང་འདོམ་གསུམ། འདོམ་ལྔ་ཙམ་བྱས་པ་ཡོད། (བྲེ་ག་ཤོག་ཚད་ཆེན་པོ)ཞེས་མི་བདུན་བརྒྱད་ཀྱིས་འདེགས་དགོས་ཤིང་ཆེ་བའི་ཉམས་ཀྱིས་མིང་འབོད་སྲོལ་དེ་ལྟར་བྱུང་ཡོད།

སྐབས་འདིར་བོད་དུ་དར་བའི་ཤོག་བུའི་རིགས་འགའ་ཞིག་བཀོད་ན་འདི་ལྟ་སྟེ། སྐྱེམ་ཤོག དྭགས་ཤོག ཀོང་ཤོག འབྲུག་ཤོག སྟོད་ཤོག གཙང་ཤོག སྙེ་ཤོག གཉའ་ཤོག ཀློ་ཤོག སྤོ་ཤོག ཇོ་ཤོག གཉལ་ཤོག ཞོ་ཤོག ཁམས་ཤོག མཚོ་སྣའི་ལས་ཤོག་ཅེས་རིགས་འགའ་ཞིག་ཡོད་ལ། དེ་དག་ལས། ༼༡༽ སྐྱེམ་ཤོག་ནི། དྭགས་སྨད་སྐྱེམ་སྟོང་རྫོང་ནས་བཟོ་བཞིན་ཡོད་ལ། སྐྱེམ་སྟོང་གི་གཙང་ཆུ་ནི་ཤོག་བུ་བཟོ་བའི་ཆུ་རིགས་ཧ་ཅང་དམིགས་བསལ་པ་དེ་ཡིན། སྐྱེམ་སྟོང་གི་ཤོག་རྭའི་ཤོག་བུ་ལ་རིགས་གཉིས་ཡོད་ཅིང་། ཤོག་བུ་རྙིང་པ་དེར(ཕྱག་ཤོག)དང་གསར་པ་དེར(ལོར་ཤོག)ཅེས་འབོད་ཀྱི་ཡོད། དགའ་ལྡན་ཕོ་བྲང་གི(དངུལ་ལོར)ཤོག་བུའང་སྐྱེམ་ཤོག་གི་རིགས་དེ་ཡིན་པས(གསང་ཤོག)ཟེར་ལ། ཤོག་བུའི་གསེབ་ལ(གནམ་བསྐོས་དགའ་བ་བརྒྱ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ)ཞེས་པའི་ཆུ་པར་གསང་བའི་སྒོ་ནས་འཇོག་ཐུབ་ཀྱི་ཡོད། ད་དུང་སྦུག་དམ་བཀོད་པའི་བཀའ་ཤོག་ལའང་ཤོག་བུ་འདི་སྤྱད་ཡོད། ༼༢༽ དྭགས་ཤོག་ནི་དྭགས་སྟོད་སྐུ་རབ་རྣམ་རྒྱལ་རྫོང་སོགས་ནས་བཟོས་པའི་ཤོག་བུའི་རིགས་ཡིན། ༼༣༽ ཀོང་ཤོག་ནི་ཀོང་པོའི་གནས་པདྨ་བཀོད་སོགས་སུ་བཟོས་པའི་ཤོག་བུའི་རིགས་ཡིན། ༼༤༽ འབྲུག་ཤོག་ནི་དཔལ་ལྡན་འབྲུག་གི་ཐིམ་བུ་སོགས་སུ་བཟོས་པའི་ཤོག་བུའི་རིགས་གསུམ་ཡིན། ༼༥༽ སྟོད་ཤོག་ནི་མང་ཡུལ་གུང་ཐང་སོགས་སུ་བཟོས་པའི་ཤོག་བུའི་རིགས་ཡིན། ༼༦༽ གཙང་ཤོག་ནི་གཙང་སྙེ་མོ་དང་ཤངས་སོགས་སུ་བཟོས་པའི་ཤོག་བུའི་རིགས་ཡིན། ༼༧༽ སྙེ་ཤོག་ནི་གཙང་སྙེ་མོ་ནས་བཟོས་པའི་ཤོག་བུའི་རིགས་ཏེ་གཙང་ཤོག་གི་རིགས་སུ་འདུ། ༼༨༽ གཉའ་ཤོག་ནི་སྟོད་གཉའ་ནང་རྫོང་ནས་བཟོས་པའི་ཤོག་བུའི་རིགས་ཏེ་སྟོད་ཤོག་གི་རིགས་སུ་འདུ། ༼༩༽ ཀློ་ཤོག་ནི་ཀློ་པ་དཀར་ནག་ཁྲ་གསུམ་གྱི་ཡུལ་ནས་བཟོས་པའི་ཤོག་བུའི་རིགས་ཏེ་མོན་ཤོག་གི་རིགས་སུ་འདུ། ༼༡༠༽ སྤོ་ཤོག་ནི་སྤོ་བོ་རྒྱ་གར་ལུང་པ་ནས་བཟོས་པའི་ཤོག་བུའི་རིགས་ཏེ་ཁམ་ཤོག་གི་རིགས་སུ་འདུ། ༼༡༡༽ ཇོ་ཤོག་ནི་ཇོ་མོ་རྫོང་ནས་བཟོས་པའི་ལྡབ་ཤོག་ཕལ་བའི་རིགས་ཡིན། ༼༡༢༽ གཉལ་ཤོག་ནི་གཉལ་སྡེ་དྲུག་ནས་བཟོས་པའི་ཤོག་བུའི་རིགས་ཡིན། ༼༡༣༽ ཞོ་ཤོག་ནི་ཀོང་པོ་ཞོ་ཁ་རྫོང་ནས་བཟོས་པའི་ཤོག་བུ་བྲེ་ཁ་མའི་སང་ཞོ་ཤོག་གི་རིགས་ཡིན།༼༡༤༽ ཁམས་ཤོག་ནི་ཆབ་མདོ་དང་བྲག་གཡབ་སོགས་སུ་བཟོས་པའི་ཤོག་བུའི་རིགས་ཡིན། ༼༡༥༽ མཚོ་སྣའི་ལས་ཤོག་ནི་མོན་ཡུལ་མཚོ་སྣ་ནས་བཟོས་པའི་ཤོག་བུའི་རིགས་ཤིག་ཡིན།

གོང་གི་དེ་ལྟ་བུའི་ཤོག་བུའི་རྣམ་གྲངས་ཀྱི་བཟོ་སྟངས་ནི། དང་པོ་ཤོག་བུ་བླུགས་སའི་ཆུ་སྒྲོམ་བཟོས། ཆུ་སྒྲོམ་ནང་ལ་ཤིང་སྒྲོམ་བཟོས། ཤིང་སྒྲོམ་རྒྱབ་ལ་རས་ཀྱིས་གཡོགས་དགོས། ཐོག་མར་ཤོག་བུའི་རྒྱུ་ཆ་ཤོག་ཤིང(རེ་ལྕག་པ། ཨ་ག་རུ། དུང་ལོ་མ)གི་ཤུན་པགས་བཤུས། བརྡུང་། བཙོད་བརྒྱབ། བསྲུབ། ཆུ་ལ་སྦྱང་། ཆུའི་ནང་བཀྲུས། དེ་ནས་བུལ་ཏོག་ཀྱང་ཅུང་ཟད་རྒྱག་དགོས། དེ་ལྟའི་ཤོག་བཟོའི་རིམ་པ་ཞིབ་རྒྱས་དག་གཞན་ནས་ཤེས་པར་བྱའོ། །

མདོར་ན། བོད་ཤོག་གི་ལོ་རྒྱུས་ནི་རྒྱུན་ཧ་ཅང་རིང་པ་ཞིག་སྟེ། སྤུ་རྒྱལ་བཙན་པོའི་དུས་ནས་བཟུང་ཡོད་ནའང་། དུས་དང་འགྱུར་བའི་དབང་གིས་ལན་རེར་ཤོག་བཟོའི་ལག་རྩལ་འགའ་རེ་ཉམས་ནུབ་དུ་གྱུར་ཚར་པ་དང་། ཡང་དུག་ཤོག་ལྟ་བུའི་བཟོ་རྩལ་འགའ་རེ་སྤྱི་ཚོགས་ལ་གནོད་དུ་དོགས་ནས་ལག་རྩལ་རྒྱུན་མ་བསྐྱངས་པ་སོགས་སྣང་ཚུལ་སྣ་ཚོགས་ཤིག་མངོན་ཡོད། ཡིན་ནའང་། འདིར་བོད་ཤོག་ལོ་རྒྱུས་ཕྲན་བུ་ཙམ་བཀོད་ཡོད་ལ། ལུང་དང་སྦྲགས་ནས་ཞིབ་ཏུ་སྨྲ་རྒྱུ་ཡོད་ཀྱང་བརྗེད་ཐོ་ཙམ་ལ་འདིས་འཐུས་པར་བྱའོ། །

༢༠༢༣ལོའི་ཟླ༧པའི་ཚེས༡༢ཉིན་ལ་ཡུལ་དབུས་ལྷ་སར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号