གཞུང་ལས་ཁང་ཞིག་གི་མཐོང་ཐོས།    

པདྨ་ཚེ་བརྟན།

དོན་དག་ག་གེ་མོ་ཞིག་གིས། ང་རངAགཞུང་ལས་ཁང་དུ་འགྲོ་དགོས་བྱུང༌། ངས་སྒོ་བརྡུང་ནས་ཅུང་མ་འགོར་བར་སྐྱེས་པ་ཞིག་གིས་ནང་ནས“ཤོག”ཅེས་པའི་སྐད་གྲགས་འོང༌། སྒོ་ཕྱེ་ནས་ཡར་མར་ལ་བལྟས་པ་ན་ནང་དུ་གསར་བུ་ཞིག་དང་སྐྱེས་པ་དར་མ་ཞིག་མ་གཏོགས་མི་འདུག ང་རང་འཚབ་འཚུབ་ངང་མདུན་དུ་བཅར་ནས་ཕོ་གསར་དེ་ལ་རང་གི་དོན་དག་དེ་བཤད་རྩིས་བྱས་དུས། ཕོ་གསར་དེ་མྱུར་བར་ཡར་ལངས་ནས་ཕ་གི་ན་ཡིག་ཆ་ཞིག་ཀློག་ཞོར་ཟིན་བྲིས་འགོད་བཞིན་པའི་སྐྱེས་པ་དར་མ་དེ་ལ་མཛུབ་གུས་སྟོན་ཏེ་བཤད་རྒྱུར། “ཁྱོད་ཀྱིས་རྡོ་རྗེ་ཁོའོ་ཀྲང་ལ་ཤོད།” ང་རང་སྐྱེས་པ་དར་མ་དེའི་གམ་དུ་སོང་ནས་སྐར་མ་གཉིས་གསུམ་ཙམ་ལ་བསྒུགས་ཁོ་རང་ཡིག་ཆའི་ནང་དུ་མགོ་འཁོར་ནས་ང་ལ་ལྟ་ཙམ་ཡང་མ་བྱས།

དེ་ནས་ཕོ་གསར་དེ་ཚུར་ཡོང་ནས“རྡོ་རྗེ་ཁོའོ་ཀྲང”ཞེས་ལན་གསུམ་བོས་པས་ཁོས་ད་གཟོད་མགོ་ཡར་བཀྱགས་ནས་ང་རང་མཐོང་སོང༌། ཁོས་ནན་ཏན་གྱིས་ངས་བཤད་པའི་སྐད་ཆར་ཉན་ཞིང༌། མཇུག་མཐར་ང་ལ་ལན་ཡང་གསལ་པོ་ཞིག་བྱིན་པས། ང་རང་དགའ་སྤྲོའི་ངང་ཕྱིར་ལོག ལོ་གཅིག་ལྷག་འགོར་རྗེས། ང་རང་དོན་དག་དེའི་ཆེད་དུ་ཡང་བསྐྱརAགཞུང་ལས་ཁང་དུ་འགྲོ་དགོས་བྱུང༌། ངས“ཐག་ཐག་ཐག”ཅེས་སྒོ་བརྡུང་པས། ནང་ནས་བུད་མེད་ཅིག་གི“ཤོག”ཅེས་པའི་སྐད་ཅིག་གྲགས་འོང༌། སྒོ་ཕྱེ་ནས་ནང་ལ་རྐང་པ་སྤོས་མ་ཐག“སྐག”ཅེས་པའི་སྒྲ་ཞིག་གྲགས་པ་དང་མཉམ་དུ་སྐྱེས་པ་ཞིག་གིས་སྐད་མཐོན་པོས“ཅཱང”(将)ཟེར། ང་རང་གློ་བུར་འཇིགས་ཡེར་བ་ཞིག་ཏུ་བཏང༌། ངས་སྒྲ་དེ་གྲགས་འོང་སའི་ཕྱོགས་ལ་བལྟས་ཚེ། རྡོ་རྗེ་ཁོའོ་ཀྲང་དང་ཕོ་གསར་དེ་གཉིས་ཕར་ཚུར་བྱས་ནས་ཞང་ཆིའི་མིག་མངས(象棋)འདེད་བཞིན་ཡོད། ཕོ་གསར་དེའི་གདོང་ལ་རྒྱལ་ཁའི་འཛུམ་མདངས་ཤིག་བཀལ་ཡོད་ལ། རྡོ་རྗེ་ཁོའོ་ཀྲང་མ་རངས་པའི་ཚུལ་གྱིས་འདི་ལྟར་བཤད། “ཤོག་ཤོགད་དུང་ཐེངས་གཅིག་ལ་འདེད” སྐབས་འདི་དང་བསྟུན་ནས་ང་རང་མྱུར་སྟབས་ཀྱིས་མདུན་དུ་བཅར་ནས་རྡོ་རྗེ་ཁོའོ་ཀྲང་ལ་ཚིག་མགོ་ཙམ་གླེང་མོད། ཁོས་ལག་པ་གཡུག་གཡུག་འགའ་བྱས་རྗེས་འཇིགས་ཉམས་ཀྱིས་ང་ལ་སྡང་མིག་ཅིག་བགྲད་དེ“ཁྱོད་ཀྱིས་དྲུང་ཡིག་རིག་མཚོ་ལ་ཤོད་”ཅེས་ཟེར་ཞོར་ཁ་ཕྱིར་ཞང་ཆའི་མིག་མངས་ནང་དུ་འཁོར། ངས་དོན་དག་རྣམས་རིག་མཚོ་ཞེས་པའི་དྲུང་ཡིག་གཞོན་ཞུ་མ་དེ་ལ་བཤད་རྗེས་ཕྱིར་ལོག

དེ་ནས་ཡང་ལོ་གཅིག་ལྷག་འགོར་རྗེས་དོན་དག་དེ་ཕལ་ཆེར་ལེགས་གྲུབ་བྱུང་མོད། མཇུག་མཐའི་ཐམ་ག་ཞིག་ལ་ཐུག་ཡོད་པས་ང་རང་ཡང་བསྐྱརAགཞུང་ལས་ཁང་དུ་མི་འགྲོ་ཀ་མེད་བྱུང༌། ངས“ཐག་ཐག་ཐག”ཅེས་སྒོ་ལན་འགའ་བརྡུང་མོད། ནང་དུ་བར་མཚམས་མེད་པར་དགོད་སྒྲ་དང་སྐག་སྒྲ་གྲགས་པ་ལས“ཤོག”ཅེས་པའི་སྐད་མ་ཐོས། ཅུང་འགོར་རྗེས། ངས་སྒོ་ཕྱེ་ནས་ནང་ལ་སོང༌། ཁང་བའི་ནང་དུ་དུ་སྨུག་འཐིབས་ཡོད་པ་དང༌། རབ་རིབ་ཀྱི་དུ་སྨུག་ཁྲོད་དུ་རྡོ་རྗེ་ཁོའོ་ཀྲང་དང་ཕོ་གསར་དེ། དྲུང་ཡིག་གཞོན་ནུ་མ། ད་དུང་ཕོ་གསར་ཆ་མེད་ཅིག་བཅས་བཞི་པོས་ཅོག་ཙེ་གྲུ་བཞི་མ་ཞིག་གི་མཐའ་སྐོར་ནས་མཱ་ཅང་བསྒྲིགས་ཞོར་ང་ལ་ཟུར་མིག་གིས་བལྟས་ནས་བཤད་རྒྱུར། “དོན་དག་ཡོད་ན་ཅུང་ཙམ་སྒུགས” ངས་ཡང་བསྐྱར་རྩེད་ཐེངས་གཅིག་ལ་བསྒུགས། དེ་ནས་རྡོ་རྗེ་ཁོའོ་ཀྲང་ཁ་ཕྱིར་ཁོར་ནས་ང་ལ་འདི་ལྟར་དྲིས། “ཁྱོད་ལ་དོན་དག་ཅི་ཞིག་ཡོད” “འདིའི་སྟེང་ལ་ཐམ་ཀ་ཞིག་རྒྱག་དགོས་བས……”ངས་དེ་ལྟར་ལན་འདེབས་ཞོར་མྱུར་བར་ཁུག་མ་ལས་ཡར་ཞུ་ཡི་གེ་ཕྱིར་བཏོན་ནས་ཁོ་ལ་གཏད། ཁོས་ལྟ་ཙམ་ཡང་མ་བྱས་པར་གམ་གྱི་དྲུང་ཡིག་གཞོན་ནུ་མར་འདི་ལྟར་བཤད། “རིག་མཆོ། ཐམ་ག་རྒྱབ་ལ་མི་འདི་འགྲོ་རུ་ཆུགས”དྲུང་ཡིག་གཞོན་ནུ་མས་ཀྱང་ངའི་ལག་གི་ཡི་གེ་བླངས་ནས་ལྟ་ཙམ་ཡང་མ་བྱས་པར་ཐམ་ག་བརྒྱབ་རྗེས་ང་ལ་སྤྲད་དེ་སླར་ཡང་རང་གི་འདུག་གནས་སུ་སོང༌། བྱ་བ་ཐམས་ཅད་ལེགས་གྲུབ་བྱུང་མོད། ང་ལ་གློ་བུར་དུ་ཡིད་ཐང་ཆད་པའི་སྣང་བ་ཞིག་སྐྱེས།

2001ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་དང་པོ་ལས་དྲངས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号