ཙོང་ཆུ་བཞུར་བའི་སྒྲ་དབྱངས།
ལྕགས་ཐར་རྒྱལ།

བཀྲ་ཤིས་འཆར་ཅན་ནང་བཞིན་ཙོང་ཆུའི་འགྲམ་རྒྱུད་ཀྱི་ཇ་ཁང་དེར་ཡོང་ནས། ཁ་ཧྥེ་ཕོར་བ་གང་འཐུང་ཞོར་གློག་ཀླད་ཀྱི་མཐེབ་གཞོངས་ངོས་སུ་ཡི་གེ་གཏགས་བཞིན་ཡོད། ཙོང་ཆུ་བཞུར་བའི་སྒྲ་དབྱངས་ལ་ཉན་ནས་སྙན་ངག་དང་སྒྲུང་གཏམ་འབྲི་བ་ནི་བཀྲ་ཤིས་ཀྱི་དགའ་ཕྱོགས་འབའ་ཞིག་ཡིན་ལ། ཙོང་ཆུ་བཞུར་བའི་སྒྲ་དབྱངས་ཀྱིས་ཁོ་ལ་སྙན་ངག་གི་འཆར་ཡན་དང་བརྩམས་སྒྲུང་གི་བློས་བསླངས་མང་བོ་ཞིག་སྦྲུམས་པར་རོགས་དན་བྱས་ཡོད། ཁོས་ད་ལྟའི་བར་དུ་ཙོང་ཆུ་དང་འབྲེལ་བའི་རྩོམ་ཡིག་མང་བོ་ཞིག་སློབ་རའི་ཚགས་པར་དང་དུས་དེབ་སོགས་སུ་སྤེལ་ཡོད་ཅིང་། ཀློག་པ་པོ་མང་བོ་ཞིག་གིས་གདེང་འཇོག་ཀྱང་ཚད་མེད་གནང་ཡོད།

འོན་ཀྱང་། སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ། བཀྲ་ཤིས་ཀྱི་སྙན་ངག«ཙོང་ཆུ་བཞུར་བའི་སྒྲ་དབྱངས»ལ་བོད་ཁུལ་གྱི་བྱ་དགའ་ཆེན་པོ་ཞིག་ཡོད་པ་ནས་ཁོའི་རྩོམ་ཡིག་བྲིས་མྱོང་མེད། དོན་གྱིས་ཁོས་མ་བྲིས་པའང་མིན་ཏེ། དེ་ནས་བཟུང་ཁོའི་རྩོམ་ཡིག་འབྲི་བའི་ལས་སྐལ་ཆད་སོང་བ་རེད།

གཟའ་མཇུག་རེ་རེར། བཀྲ་ཤིས་དང་ཁོའི་སློབ་གྲོགས་འགའ་ཙོང་ཁའི་འགྲམ་གྱི་ཇ་ཁང་དེར་འཛོམས་ནས་རྒྱང་རིང་གི་ཕུགས་བསམ་གླེང་བ་དང་།

མིག་འདུན་གྱི་གནས་བབ་ལ་འཁང་ར་བྱེད་པ་ནི་གོམས་གཤིས་ཤིག་ཏུ་ཆགས་འདུག ཁོ་ལ་ད་དུང་དགའ་ཕྱོགས་གཅིག་པའི་གྲོགས་པོ་སྐོར་ཞིག་ཡོད་ལ་བཀྲ་ཤིས་ཀྱི་སྐྱིད་སྡུག་ཞུ་སའང་དེ་ཚོ་ལས་མ་འདས། སྐབས་དེར། བཀྲ་ཤིས་ཀྱི་གདོང་ལ་སྐྱོ་ཉམས་ཀྱིས་ཁེངས་ནས“དེང་སྐབས་ཀྱི་སློབ་ཆེན་སློབ་མ་ཚོས་གནས་བབ་ནི་དངོས་ནས་ཡིད་སྐྱོ་བ་ཞིག་རེད། མང་བོ་ཞིག་ལ་སྐད་ཡིག་སྦྱོང་བའི་ལས་སྐལ་སྨིན་ནའང་སློབ་པའི་སྤྲོ་སྣང་རང་བཞིན་གྱིས་ཉམས་འདུག་ལ། རེ་འགས་སྐད་ཡིག་ཆེད་ལས་སྦྱང་ན་མ་འོངས་པར་བྱ་བ་རེག་ཐུབ་པར་མི་འདུག་ཅེས་འཁང་ར་དང་སྡུག་སྨྲེ་བཏོན་ནས་ཆེད་ལས་བརྗེ་སྤོར་བྱེད་པ་ཡང་མང་དུ་ཡོད། དེ་དག་བསམ་ན། དངོས་ནས་ཡིད་ཕངས་པ་ཞིག་རེད། སྐད་ཡིག་ལ་ཞབས་འདེགས་ཕྲན་ཙམ་ཡང་ཞུ་མ་ཐུབ་པར་བྱ་བ་ཆེན་པོ་དང་གླ་ཕོགས་མཐོན་པོ་ཞིག་རེག་ནའང་། ཕ་སྐད་ཀྱི་སྨྲ་ལྕེ་འགག་ཅིང་མ་ཡིག་གི་མིག་ཟུང་ཉམས་པའི་རླབས་ཆེན་གྱི་མི་སྣ་ཞིག་བྱེད་འདོད་མི་འདུག”ཅེས་ཟེར། གཞན་ཁོ་ནི་རང་ཉིད་བརྗེད་ནས་གཞན་གྱི་རྗེས་ལ་ཨ་འཐས་ཀྱིས་འཇུག་མཁན་དག་ལ་ཤིན་ཏུ་སྡང་མཁན་ཞིག་ཡིན། ཁོའི་སློབ་ཆེན་སྐབས་ཀྱི་གྲལ་མཚེས་ཀྱང་ལོ་རིམ་དང་པོའི་སྐབས་ལ་ཆེད་ལས་བརྗེ་སྤོར་བྱས་སོང་བས། ཁོའི«ཙོང་ཁའི་ལས་འཕྲོ»ཞེས་པའི་རྩོམ་ཡིག་ཅིག་བྲིས་པའང་དེར་འབྲེལ་བ་ཆེན་པོ་ཡོད་ལ། རྩོམ་ཡིག་དེར་རང་གིས་ཡིད་སྨོན་བྱེད་བཞིན་པའི་བུད་མེད་ཅིག་རང་གི་སྐད་ཡིག་དང་རིག་གནས་ལ་དགའ་ཞེན་མེད་པ་དང་། སློབ་ཆེན་འགྲིམས་པ་ཡང་འཚོ་གནས་འབའ་ཞིག་གི་ཆེད་དུ་ཡིན་པའི་བསམ་བློས་ཁོ་གཉིས་ཀྱི་བརྩེ་དུང་གོད་ཆག་ཐེབས་པ་བརྒྱུད་འཚོ་གནས་དང་དགའ་ཕྱོགས། བརྩེ་དུང་བཅས་ཀྱི་འགལ་འདུ་བྲིས་འདུག

དྲང་མོར་བརྗོད་ན། བཀྲ་ཤིས་ནི་ཕུགས་བསམ་ཆེན་པོ་ཡོད་མཁན་ཞིག་ཡིན་ལ་ཕུགས་བསམ་གྱི་སླད་དུ་བརྩོན་པ་བླ་ལྷག་བྱེད་ཞིག་ཀྱང་ཡིན། མང་བོ་ཞིག་སློབ་ཆེན་གྱི་ཆེད་ལས་གདམ་ག་བྱེད་པར་དཀའ་ཁག་ལ་འཕྲད་ཡོད་དུས། ཁོའི་ཕ་མ་དང་གཉེན་ཉེ་དག་ལ་གསང་རྒྱ་བྱས་ཏེ་འདང་རྒྱག་ཅི་ཡང་མེད་པར་བོད་སྐད་ཡིག་གི་ཆེད་ལས་བདམས་པ་རེད། གདམ་ག་དེ་ནི་བཀྲ་ཤིས་ལ་མཚོན་ན་མི་ཚེའི་ངོ་སོ་ཆེན་པོ་ཞིག་ཏུ་བརྩིས་ཡོད། ད་ལྟའང་གདམ་ག་དེར་འགྱོད་པ་གཏན་ནས་ཡོད་མ་མྱོང་ལ་ད་དུང་རང་གི་གཟི་བརྗིད་དུ་བརློམ་ཡོད། གམ་གྱི་སློབ་གྲོགས་དག་གིས་སྐད་ཡིག་ཆེད་ལས་ཀྱིས་མདུན་ལྗོངས་ལ་མི་ཕན་པའི་གཏམ་མང་དུ་འཆད་ཀྱང་། ཁོས“གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁར་འཕྲོ། བུ་སྐྱེས་འདོད་གནམ་གྱིས་མི་ཁོག རྗེས་མ་ཞིག་ལ་འགྲོ་ས་ཞིག་ཡོད་པར་ངེས། ”ཞེས་བཤད་ཡོང་། ཁོའི་ཕུགས་བསམ་ཡང་བོད་ཁུལ་ན་ཟླ་མེད་པའི་རྩོམ་པ་པོ་ཞིག་བྱེད་རྒྱུ་དེ་ཡིན། ཁོ་ལ་འདྲེས་ཆ་ཆེ་བའི་སློབ་གྲོགས། ཆ་རྒྱུས་དབེན་པའི་ཀློག་པ་པོ་མང་བོ་ཞིག་གིས་ཀྱང་བཀྲ་ཤིས་ནི་རྩོམ་པ་པོ་བླ་མེད་ཅིག་འཁྱོངས་པར་ཐེ་ཚོམ་མི་འདུག་ཅེས་ཀུན་གྱིས་གླེང་།

ཉིན་དེར། བཀྲ་ཤིས་ཀྱིས་ཟླ་སྒྲོན་ལ་དུས་བཏབ་ནས་ཙོང་ཆུའི་འགྲམ་གྱི་ཇ་ཁང་དེར་འཛོམས་རྒྱུ་བྱས། ཁོ་གཉིས་ཇ་ཁང་དུ་བསྡད་ནས་ཕྱི་དྲོ་ཞིག་ཇི་ལྟར་བསྐྱལ་བའང་མ་ཤེས། ཏག་ཏག་སྐབས་དེར། བཀྲ་ཤིས་ཀྱི་ཡིག་ཟམ་དུ་ཁོའི་གསར་བྲིས་སྙན་ངག«ཙོང་ཆུ་བཞུར་བའི་སྒྲ་དབྱངས»ལ་སྐབས་བཅོ་བརྒྱད་པའི་ལམ་བཟང་ལོ་འཁོར་སྨྱུག་གསར་བྱ་དགའ་ཐོབ་སོང་བའི་བརྡ་འབྱོར། སྐབས་དེར་བཀྲ་ཤིས་དགའ་སྤྲོ་རབ་ཏུ་འཕེལ་ནས་བྱིས་པ་ཞིག་ལྟར་གནམ་ལྡིང་ས་ལྡིང་བྱེད་ཅིང་། ཟླ་སྒྲོན་ཡང་ཁོའི་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་སྤྲོ་བ་འགོག་མེད་ཅིག་སྐྱེས། ལར་ཡིན་ན། དུས་དེ་ནས་བཟུང་བཀྲ་ཤིས་རྩོམ་རིག་གསར་རྩོམ་གྱི་ལམ་ཁ་ཞུགས་ནས་འོད་ལམ་ལམ་འཚེར་འོས་མོད། ཏག་ཏག་སྐབས་དེ་ནས། བཀྲ་ཤིས་ཀྱིས་སྨྱུ་གུ་འགུལ་ནས་ཚིགས་བཤད་ཤླཽ་ཀ་གཅིག་ཀྱང་བྲིས་མྱོང་མེད།

མཚན་མོ་དེར། བཀྲ་ཤིས་སྔར་བཞིན་སློབ་གྲྭར་འགྲོ་རྒྱུ་སྟ་གོན་བྱས་ནའང་། ཟླ་སྒྲོན་གྱིས“ཁྱེད་ལ་བྱ་དགའ་དེ་འདྲའི་ཆེན་པོ་ཞིག་ཐོབ་སོང་བས། ཅིས་ཀྱང་རྟེན་འབྲེལ་གཟབ་རྒྱས་ཤིག་ཞུ་འོས། ངས་ཁྱེད་ལ་མགྲོན་བྱེད། མཉམ་དུ་ཆང་ཁང་དུ་འགྲོ”ཞེས་ཟེར། བཀྲ་ཤིས་ཀྱིས་ཀྱང་དང་ལེན་བྱས་ནས་ཁོང་གཉིས་ཆེད་དུ་ཆང་ཁང་ཞིག་སོང་ནས་རྟེན་འབྲེལ་ཞུས། སྟབས་མ་ལེགས་པ་ཞིག་ལ། མཚོན་མོ་དེར། བཀྲ་ཤིས་ཤིན་ཏུ་ར་བཟི་བར་གྱུར་བས། མཚན་མོ་སློབ་རར་འགྲོ་བའི་ལམ་ཁར་རླངས་འཁོར་དོན་རྐྱེན་ཞིག་བྱུང་ནས་སྨན་ཁང་དུ་ཟླ་འགའ་ལ་མི་འདུག་ཐབས་མེད་བྱུང་།

དོན་རྐྱེན་དེས་བཀྲ་ཤིས་ཀྱི་དྲན་པ་མི་གསལ་བར་གྱུར། ཐ་ན་ཉིན་འགའི་སྔོན་དུ་ཁོ་ལ་ལམ་བཟང་ལོ་འཁོར་སྨྱུག་གསར་བྱ་དགའ་ཐོབ་པའི་དོན་དེ་ཡང་གཏིང་བརྗེད་དུ་སོང་འདུག དེ་ནི་ཧ་ཅང་ཡིད་ཕངས་པ་ཞིག་རེད། ཡུལ་གྱི་ཕ་མ་ཟུང་དང་སློབ་གྲྭའི་དགེ་གྲོགས་མང་བོ་ཁོ་སར་ལྟ་རུ་ཡོང་ནའང་། ཁོས་དེ་ཚོས་གཅིག་ཀྱང་ངོས་ཟིན་གྱིན་མི་འདུག དེ་སྔོན་བྲིས་པའི་རྩོམ་ཡིག་ཡོད་ཚད་ཀྱང་ཁོས་བྲིས་པར་ནམ་ཡང་ཁས་ལེན་མི་བྱེད་ལ། དུས་རྒྱུན་ཕུགས་བསམ་ལ་བློ་དཀའ་ཞིང་མ་འོངས་པར་རེ་བས་ཁེངས་པ། སྐད་ཡིག་ལ་དགའ་ཞེན་ཆེ་བའི་ཁོ་ནི་དར་ཅིག་ལ་མི་གཞན་ཏུ་གྱུར་སོང་། 

དེ་ལྟར། བོད་ཀྱི་རྩོམ་སྟེགས་ཟིལ་གྱིས་གནོན་པར་ཡིད་ཆེས་དང་ཆོད་སེམས་ཀྱིས་ཁེངས་པའི་ན་གཞོན་རྩོམ་པ་པོ་ཞིག་དྲན་པ་མི་གསལ་བའི་གླེན་པ་ཞིག་ཏུ་གྱུར་སོང་། ཕོ་ལོ་ཉི་ཤུའི་ན་ཚོད་ཐ་སྙད་ལ་བྱིན་པའི་འཆར་ཅན་གྱི་མིག་ཟུང་རྣོན་པོ་གློ་བུར་ལོང་བར་གྱུར། ཆུང་དུས་སྙན་ངག་གི་མཁའ་དབྱིངས་ན་འོད་དུ་འཚེར་བའི་སྐར་ཆེན་དེས་ད་ནི་ཅི་ཞིག་སྙན་ངག་ཡིན་པ་ཡང་དྲན་གྱི་མི་འདུག དེ་ནས་བཟུང་། བཀྲ་ཤིས་ཀྱི་རྩོམ་ཡིག་འབྲི་མ་ཤེས། མཚན་མོ་མང་བོ་ཞིག་ལ་འུག་པའི་བརྟུལ་ཞུགས་བཟུང་ནས་བྲིས་པའི་རྩོམ་ཡིག་བརྒྱ་ཕྲག་དེ་དག་ཀྱང་ད་ནི་ཁོས་བྲིས་པར་དྲན་པ་དང་ཡིད་ཆེས་གང་ཡང་མི་འདུག

ཙོང་ཆུ་སྔར་བཞིན་ལྷུང་ལྷུང་སྒྲ་དབྱངས་ཀྱིས་སྤུད་ནས་རྒྱང་དུ་བཞུད་ནའང་། ཙོང་ཆུ་བཞུར་བའི་སྒྲ་དབྱངས་ནི་ད་སྐབས་ཀྱི་བཀྲ་ཤིས་ལ་མཚོན་ན་འཆར་ཡན་གྱི་འབྱུང་ཁུངས་དང་སྙན་ངག་གི་བརྗོད་བྱ་ཡིན་ག་ལ་སྲིད་ཨང་།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ལྕགས་ཐར་རྒྱལ། རྒོད་སྐྱེས་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི། བརྩམས་ཆོས་རེ་ཟུང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི«ཆུང་འབྲིང་སློབ་མའི་ལེགས་རྩོམ་བདམས་བསྒྲིགས»དང་། «མཚོ་སྔོན་བོད་ཡིག་གསར་འགྱུར» «གངས་རྒྱན་ན་ཆུང་ཚགས་པར» «ཀྲུང་གོ་བོད་ཀྱི་དྲ་བ» «མཚོ་སྔོན་ཁྲིམས་ལུགས་ཚགས་པར» «བོད་ལྗོངས་ཉིན་རེའི་ཚགས་པར» «རྔ་བའི་ཚགས་པར» «ཀན་ལྷོའི་གསར་འགྱུར» «མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ» «གཞིས་ཀ་རྩེ་ཉིན་རེའི་ཚགས་པར» «ཁམས་པའི་ཚགས་པར» «གསེར་གྱི་ལྷ་དར» «བྲག་དཀར» «ཁྲི་གཤོག་རྒྱལ་མོ» «ཉིང་ཁྲིའི་ཚགས་པར»སོགས་སུ་སྤེལ་མྱོང་། ༡༠༡༩“སློབ་རའི་རྩོམ་པ་པོ་ཆུང་ཆུང”གི་མཚན་སྙན་ཐོབ། ༢༠༢༣ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲྭ་རིམ་པའི་གསར་རྩོམ་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བོད་ཀྱི་སྐད་ཡིག་དང་རྩོམ་ཡིག་ཆེད་ལས་ལ་སློབ་གཉེར་བྱེད་མུས་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号