སློབ་འབྲིང་སློབ་མའི་སྦྱངས་རྩོམ་ལེགས་བཏུས«བྱང་སྐར་སྤུན་བདུན»པར་སྐྲུན་འགྲེམ་སྤེལ་བྱས།

ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སློབ་འབྲིང་དང་པོའི་སློབ་མའི་རྩོམ་ཡིག་ལེགས་བཏུས«བྱང་སྐར་སྤུན་བདུན»དཔེ་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་ལྷ་སར་འཚོགས་ཡོད། དེབ་དེའི་ནང་འབྲི་རུ་རྫོང་སློབ་འབྲིང་དང་པོའི་སློབ་མ59ཡི་རྩོམ་ཡིག78ལེགས་འདེམས་བྱས་ཡོད་པ་དང་། སློབ་གྲྭ་དེའི་དགེ་རྒན་དགའ་བཟང་གིས་རྩོམ་སྒྲིག་འགན་འཁུར་ནས་དུས་ཡུན་ལོ་གསུམ་རིང་ཞུ་དག་དང་རྩོམ་སྒྲིག་བྱས་པ་བརྒྱུད། མཐར་བདེ་བླག་ངང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ནས་ཀློག་པ་པོའི་སྤྱན་སྔར་ཕུལ་ཡོད།

འགྲེམ་སྤེལ་ཚོགས་འདུའི་ཐོག འབྲི་རུ་རྫོང་སློབ་འབྲིང་དང་པོའི་སློབ་གཙོ་ཀུན་བཟང་རྒྱལ་མཚན་དང་། བོད་ཀྱི་རིག་རྩལ་དུས་དེབ་ཁང་གི་གཙོ་སྒྲིག་པ། རྩོམ་པ་པོ་ལྷ་གཡང་ནོར་བུ། འབྲི་རུ་རྫོང་བན་དཀར་ཤང་བྱ་མདའ་བཙུན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུའུ་རེན་བསྟན་འཛིན་ནོར་བུ། དེ་སྔའི་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཨོ་རྒྱན་ཚེ་དར་སོགས་དང་། དེ་བཞིན་ལྷ་སར་ཡོད་པའི་གཞིས་ཁུངས་འབྲི་རུ་ནས་ཡིན་པའི་ཞིབ་འཇུག་སློབ་མ་དང་སློབ་ཆེན་གྱི་དངོས་གཞིའི་སློབ་མ་ཚོགས་འདུར་ཞུགས་ཡོད་པ་མ་ཟད། འབྲི་རུ་རྫོང་སློབ་འབྲིང་དང་པོའི་རྩོམ་ཡིག་འབྲི་མཁན་སློབ་མའི་འཐུས་མི20ཡང་ཡུལ་དངོས་སུ་སླེབས་ཡོད།

འགྲེམ་སྤེལ་ཚོགས་འདུའི་ཐོག ཚོགས་ཞུགས་མི་སྣ་ཡོངས་ནས«བྱང་སྐར་སྤུན་བདུན»གྱི་ནང་དོན་བཀོད་སྒྲིག་དང་རྩོམ་ཡིག་གི་སྤུས་ཚད། དཔེ་སྐྲུན་འགྲེམ་སྤེལ་གྱི་དོན་སྙིང་སོགས་ཀྱི་ཐད་སོ་སོའི་ལྟ་ཚུལ་བཤད་པ་མ་ཟད། རྩོམ་རིག་གསར་རྩོམ་གྱི་བརྗོད་བྱ་གཙོ་བོ་དེར་དམིགས་ནས་སློབ་མ་རྣམས་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་ཡོད། རྩོམ་ཡིག་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་ན་གཞོན་སློབ་བུ་དག་ལ་རྟེན་འབྲེལ་ཞུས་པ་དང་སྦྲགས། སློབ་སྦྱོང་དང་འཚོ་བའི་ཁྲོད་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱེད་དགོས་པ་དང་རྩོམ་འབྲིའི་ལས་ལ་མུ་མཐུད་གཞོལ་དགོས་པའི་སྐུལ་ལྕག་བྱས་ཡོད། འབྲི་རུ་རྫོང་སློབ་འབྲིང་དང་པོས་ཡུལ་དངོས་སུ་སླེབས་པའི་སློབ་མ་དག་ལ་རྩོམ་ཡོན་དང་ལག་རྟགས་སྤྲད་ཡོད།

       «བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་གཙོ་སྒྲིག་པ། རྩོམ་པ་པོ་ལྷ་གཡང་ནོར་བུས་བཅར་འདྲི་དང་ལེན་གནང་སྐབས། དེ་རིང་སློབ་མ་ཚོའི་རྩོམ་ཡིག་ལེགས་བཏུས«བྱང་སྐར་སྤུན་བདུན»དཔེ་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དུས་དེབ་ཁང་གི་རྩོམ་སྒྲིག་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ངས་བལྟས་ན་དེབ་འདིར་དམིགས་བསལ་གྱི་རིན་ཐང་ལྡན་ཡོད་དེ། གཅིག་ནི་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ངོས་ནས་བརྗོད་ན། འདི་ནི་རྫོང་ཞིག་གི་དམའ་རིམ་སློབ་འབྲིང་གི་སློབ་མའི་རྩོམ་ཡིག་ལེགས་འདེམས་བྱས་ནས་ཚད་ལྡན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱེད་ཐེངས་ཐོག་མ་ཡིན་པ་དང་། གཉིས་ནི་དེབ་འདི་རྗེས་ཕྱོགས་སློབ་མ་རྣམས་ཀྱི་བོད་ཡིག་རྩོམ་འབྲིའི་ཐད་ཀྱི་མ་དཔེ་ཞིག་བྱེད་ཆོག་པ་མ་ཟད། རྩོམ་འབྲི་རྒྱུར་དགའ་བའི་སློབ་མ་རྣམས་ལ་ཡིད་ཆེས་དང་སེམས་ཤུགས་ངེས་ཅན་ཞིག་སྦྱིན་ཐུབ། དེ་བཞིན་དུ་རྩོམ་ཡིག་རེ་རེའི་རྗེས་སུ་གདེང་འཇོག་རྩོམ་ཐུང་རེ་བྲིས་ཡོད་པས། སླད་ཕྱིན་སློབ་མ་རྣམས་ཀྱིས་རྩོམ་ཡིག་འབྲི་བའི་ལམ་དུ་ཞུགས་པར་ཁྲིད་སྟོན་གྱི་ནུས་པ་ངེས་ཅན་ཐོན་ངེས་ཡིན། འབྲི་རུ་རྫོང་ཨུད་དང་རྫོང་སྲིད་གཞུང་། རྫོང་སློབ་གསོ་ཅུས། དེ་བཞིན་འབྲེལ་ཡོད་ལས་དོན་མི་སྣ་གཞན་དག་གིས་ཕྲུ་གུ་ཚོར་རྩོམ་རིག་གསར་རྩོམ་གྱི་ཁོར་ཡུག་དང་མཐུན་རྐྱེན་བཟང་པོ་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号