བྱེ་སྣས་ལྗང་མདོག་གི་ལྭ་བ་བཀླུབས་པ།

སྐྱེ་ཁམས་ལྟ་ཞིབ།

བར་སྣང་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ལ་ཐུར་དུ་བལྟས་ན། ཆལ་ཆིལ་དུ་འབབ་པའི་རྨ་ཆུས་ནུབ་བྱང་བསྐོར་ཡོད་པ་དང་། ཤར་ལྷོའི་རྒྱུད་ཀྱི་བྲག་དཀར་རི་རྒྱུད་སྤྲིན་ལ་ཟུག་ཅིང་རྩེ་མོ་གངས་ཀྱིས་གཡོགས་ཡོད། དབུས་རྒྱུད་ནི་མུ་མཐའ་མེད་པའི་མྱ་ངམ་ཐང་དང་བྱེ་མ་ཡིན་པ་དང་། དཀར་ལྗང་སེར་གསུམ་གྱིས་ཡུལ་དེའི་བརྗིད་ཆགས་ཀྱི་རྣམ་པ་བྲིས་ཡོད།

གལ་ཏེ་བརྙན་མིག་ད་དུང་ཇེ་ཉེ་རུ་བཏང་ན། ཚོམ་བུ་དང་ཚོམ་བུ་བྱས་པའི་མྱ་ངམ་ཐང་གི་བྲ་མ་སེར་པོ་དང་། ཚར་བོང་། གླང་ནག་བཅས་ཚ་གདུག་ཆེ་བའི་ཉི་འོད་འོག་ཏུ་སྐྱེ་སྟོབས་ཀྱི་དཔལ་མངོན་བཞིན་ཡོད། དེ་དག་ཡོད་པས་དེ་སྔ་བྱེ་རླུང་ཤིན་ཏུ་རྒོད་པའི་ཡུལ་གྲུ་དེར་ལྗང་མདོག་རྒྱས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།

ཀོས་ནན་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི66.5ཡོད་པ་དེའི་ནང་བྱེ་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི22.8ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་བྱེ་ཐང་ཅན་གྱི་སའི་ཁྱབ་རྒྱ་ཅུང་ཆེ་བ་དང་གནོད་འཚེ་ཅུང་ཚབས་ཆེ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་གཙོ་གནད་དཔེ་སྟོན་རྫོང་གི་གྲས་ཤིག་ཀྱང་རེད།

ཉེ་བའི་ལོ་ཤས་རིང་། ཀོས་ནན་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེ་འགོག་བྱེ་བཅོས་དང“བྱང་གསུམ”བཟོ་འགོད་འཛུགས་སྐྲུན་སོགས་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བྱེ་འགོག་བྱེ་བཅོས་རྐྱང་པ་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱགས་ཀློང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཐང་རྒོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་འཚོལ་ཞིབ་ལག་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས། “བྱེ་རླུང་འཚུབ་པ”ནས“ལྗང་མདོག་བཀླུབས་པ”ཡི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། “བྱེ་སྣ”སྔོ་ལྗང་གིས་བྱུགས་པའི་ལྗང་མདོག་གི་རི་མོ་མཛེས་ཤིང་སྡུག་པ་ཞིག་ཀོས་ནན་གྱི་གང་ས་གང་དུ་བཤམས་ཡོད།

“ཆུང་དུས་ནས་བྱེ་རླུང་དང་འཐབ་རྩོད་བྱས་ཏེ་ནར་སོན་པ་ཡིན། སྐབས་དེར་ང་ཚོའི་འཚོ་གཞིས་འདིར་རྒྱུན་དུ་རླུང་ཆེན་ལྡང་ཞིང་བྱེ་རླུང་གིས་དེད་དེ་རྟག་ཏུ་བྱེ་མ་གང་སར་འཁུར་བཞིན་ཡོད་པས།ག་ས་གང་དུ་བྱེ་མས་ཁེངས་འགྲོ།ད་ལྟ་བཅོས་སྐྱོང་བྱས་པས་བྱེ་མ་བརྟན་འཇགས་སུ་བཏང་ཞིང་།སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ཇེ་ལེགས་སུ་ཕྱིན་ནས་བྱེ་མས་གཙེ་བའི་འཚོ་བ་མཇུག་རྫོགས་སོང”ཞེས་ཚེ་བྷས་ལོ་འདི་དག་གི་འགྱུར་ལྡོག་གླེང་།

ད་ལོར་ལོ་ན29ལ་སླེབས་པའི་ཚེ་བྷ་ཚང་ནི་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་བན་ཤུལ་སྡེ་བར་ཡོད། 2016ལོར་ཁོ་སུམ་མདོ་གྲོང་རྡལ་བྱེ་སྣའི་དོ་དམ་སྲུང་སྐྱོབ་ས་ཚིགས་སུ་སྡུད་ལེན་བྱས་ནས་ནགས་སྲུང་པར་བཞག མཐའ་ཡས་པའི་བྱེ་ཐང་ལ་འཐབ་འཛིང་བྱེད་པའི་ལོ་ཟླའི་ནང་ཁོ་ནི་ནགས་ལས་ལག་རྩལ་མི་སྣ་དཀྱུས་མ་ཞིག་ནས་རིམ་གྱིས་ཉམས་མྱོང་ཕུན་སུམ་ཚོགས་པའི་བྱེ་འགོག་འཐབ་འཛིང་པ་ཞིག་ཏུ་འཚར་ལོངས་བྱུང་།

ཟླ5པའི་ཚེས23ཉིན། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་མུ་གེ་ཐང་རྒྱལ་ཁབ་བྱེ་ཐང་ས་ཆའི་བཀག་སྡོམ་སྲུང་སྐྱོབ་ཁུལ་དུ་སླེབས་སྐབས་རྩྭའི་དྲ་མིག་དང་ཉི་ལུང་བྱེ་འགོག་བྱེ་སྒང་དུ་བསྟར་ཡོད་ལ། བྲ་མ་སེར་པོ་ཁག་ཅིག་གི་མཐོ་ཚད་ལ་སྨི1ལྷག་ཡོད།

“ད་སྐབས་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་པས་ཁྱེད་ཀྱིས་ལྟོས་དང་།དབྱར་ཁ་སླེབས་པ་ན་ལྗང་མདོག་ཡུག་གཅིག་ཏུ་སྣང་། གོ་སྐབས་འགྲིག་ཚེ་སྤྱང་ཀི་དང་ཝ་སོགས་ཀྱི་རི་སྐྱེས་སྲོག་ཆགས་སོགས་མང་པོ་ས་ཁོངས་དེ་རུ་འགུལ་སྐྱོད་བྱེད་བཞིན་པའང་མཐོང་ཐུབ”ཅེས་ཚེ་བྷས་བཤད།

“བྱེ་ཐང་དུ་སྡོང་པོ་འཛུགས་པའི་མ་རྩ་ཤིན་ཏུ་མཐོ་བས། མི་ཤུགས་དང་རྒྱུ་ཤུགས་མང་པོ་བཀོལ་དགོས། སྡོང་ཕྲུག་འཁུར་དགོས་པར་མ་ཟད།ད་དུང་ཆུའང་འདྲེན་དགོས། ཆུང་དུས་ངས་རྒན་རབས་པ་རྣམས་ཀྱིས་སྤྱི་ལེ2ཀྱི་ཕ་རོལ་ནས་བྱེ་མ་བཅོས་སར་ཆུ་ཁུར་ནས་འགྲོ་བ་མཐོང་། ཐེངས་གཅིག་ལ་སྤྱི་རྒྱ25འཁུར་དགོས་ཤིང་།ཉིན་གཅིག་ལ་ཕར་འགྲོ་ཚུར་འོང་ཐེངས་མང་བྱེད་དགོས། ཨ་ཕས་དུས་རྒྱུན་བཤད་རྒྱུར། དབྱར་ཁ་བྱེ་ས་བཅོས་སྐྱོང་བྱ་རྒྱུ་དངོས་གནས་ལས་སླ་མོ་ཞིག་མིན། ཉི་མའི་ཚ་གདུག་འོག གོམ་པ་འགའ་ལས་མ་སྤོས་ཀྱང་སྒལ་གཞུང་སྲེག་ལ་ཁད་བྱེད། དགོང་མོར་ཡུལ་ལ་ལོག་སྟེ་ལྭ་བ་ཕུད་པ་ན། རྨ་ཤུལ་ཚང་མ་གསལ་ལེར་མངོན་ཡོང་མོད། འོན་ཀྱང་ཁོས་འཁང་ར་གཏན་ནས་བྱས་མ་མྱོང་།”ཚེ་བྷ་སེམས་འགུལ་ཐེབས་པའི་ངང་བཤད། “དེང་སྐབས། ང་ཚོས་རླངས་འཁོར་ལ་བརྟེན་ནས་བྱེ་འགོག་རྒྱུ་ཆ་དང་སྡོང་ཕྲུག་བྱེ་སྒང་དུ་དབོར་འདྲེན་བྱེད་ཆོག ཕ་དང་ཨ་ཁུའི་དུས་དང་བསྡུར་ན། སྡུག་མང་པོ་མྱང་མི་དགོས་ལ་བྱ་བའི་ལས་ཆོད་ཀྱང་ལྡབ་འགྱུར་གྱིས་མཐོ་རུ་ཕྱིན་ཡོད།”

“ཟབ་འཛུགས་ལག་རྩལ་ཞེས་པ་ནི་མ་གལ་དང་གླང་ནག་དག་གཏིང་ཚད་ལ་ལི་སྨི30ནས40ཡོད་པའི་བཞུར་ཆུ་དང་།ཆུ་ཡུར་རམ་ཆུ་རྫིང་དུ་ཉིན20ནས30བར་སྦངས་ཏེ་རྩ་བ་དཀར་པོར་གྱུར་རྗེས་གཏིང་ཚད་ལ་ལི་སྨི80ཡན་ཟིན་པའི་རྩྭའི་དྲ་མིག་ཏུ་འདེབས་འཛུགས་བྱེད་པ་དེ་ལ་གོ”ཚེ་བྷས་ངོ་སྤྲོད་བྱས་དོན། ལག་རྩལ་དེས་མཐོ་གྲང་དང་ཐན་པའི་ས་ཁུལ་གྱི་ཐང་རྒོད་ཅན་གྱི་སྡོང་རིགས་འདེམས་པའི་གནད་དོན་ཐག་གཅོད་ཐུབ་ལ་སྡོང་ཕྲུག་བཙུགས་རྗེས་ལེགས་འགྲུབ་བྱུང་ཚད་ཀྱང་ཇེ་མཐོར་བཏང་ཡོད།

ལྗང་མདོག་བསྐྱངས་ནས་ཡུན་རིང་བྱས་རྗེས་འཇོག་ཅེས་པ་ལྟར། མིག་སྔར། ཀོས་ནན་རྫོང་དུ་སྐྱེ་ཁམས་བདག་སྐྱོང་པ1300ལྷག་ཡོད་པ་དེས་ཀོས་ནན་རྫོང་གི་རྒྱལ་དབང་ནགས་ས་སྤྱི་ཆིང་ཁྲི5.42དང་།རང་བྱུང་རྩྭ་ཐང་སྤྱི་ཆིང་ཁྲི49.3དང་། རྒྱལ་ཁབ་བྱེ་ཐང་བཀག་སྡོམ་སྲུང་སྐྱོབ་ཁུལ་སྤྱི་ཆིང་ཁྲི2.5བཅས་ཀྱི་དོ་དམ་སྲུང་སྐྱོབ་ལས་དོན་གྱི་འགན་འཁུར་ཡོད། 2023ལོར་ཀོས་ནན་རྫོང་གིས་སྡོང་འཛུགས་ནགས་སྐྲུན་སྤྱི་ཆིང་ཁྲི0.69དང་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་སྤྱི་ཆིང་ཁྲི1.2ལེགས་འགྲུབ་བྱུང་བར་མ་ཟད། “རྒྱལ་ཡོངས་ནགས་རྩྭ་མ་ལག་གི་སྔོན་ཐོན་ཐུན་མོང”དང“རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་སྔོན་ཐོན་ཐུན་མོང”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号