ཡག་ཆེན་སྡེ་བས་འབྲི་མོ་གསོས་ཏེ་གྲོང་གསེབ་དར་སྤེལ་ལམ་དུ་བསྐྱོད།

ཟླ6པའི་ཟླ་དཀྱིལ་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཞང་ཤེའུ་སྙིང་རི་འདབས་ཀྱི་ཡག་ཆེན་སྡེ་བའི་འབྲོག་པ་བསམ་འཕེལ་ཚང་གི་འབྲི་མོ1གིས་སྒོར་ཁྲི7ཁུགས་ཏེ་ཕྱི་ལ་བཙོངས་པས། ས་དེར་གྲག་འགུལ་མི་ཆུང་བ་ཞིག་བཟོས།

ད་ལོའི་ལོ་སྟོད་དུ། རྐྱང་ཆད་ཞང་གིས་ཏང་འཛུགས་དང་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་འབྲི་མོ་གསོ་བའི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཏེ། མང་ཚོགས་ལ་ཡོང་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་བཏོད། རྐྱང་ཆད་ཞང་གིས་གསོ་སྤེལ་ཁྱིམ་ཆེན་སྐྱེད་སྲིང་གཙོ་གནད་དུ་བཟུང་ནས། “ཀྲི་པུའུ+ཁྱིམ་ཚང”གི་གཉེར་སྟངས་ལྟར། གྲོང་གསེབ་དར་སྤེལ་འཛུགས་སྐྲུན་ལ་སྒུལ་ཤུགས་བསྣན། དུས་མཚུངས་སུ། འབྲི་མོ50ནས་འབྲི་མོ100ཡི་བར་ཚད་གཞིར་བཟུང་སྟེ། “ནོར་གྱི་འབྱུང་ཁུངས་ལ་ཚོད་འཛིན་དང་མ་རྩ་ཇེ་དམའ་རུ་གཏོང་བ། མ་དཔེ་བཟོ་བ”ཡི་རིག་ལམ་ལྟར། ཚད་གཞི་ཅན་གྱི་ཁྱིམ་ཚང་ཕྱུགས་ར་བསྐྲུན། ཐོག་མཐའ་ཀུན་ཏུ་ཕྱུགས་རྒྱུད་ལེགས་པོ་གསོས་ཏེ། སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་བ་དང་། ཁྱིམ་ཚང་ཕྱུགས་རའི་གསོ་སྤེལ་ཐོན་ལས་རྒྱུན་ཆད་མེད་པར་སྐྱོན་བྲལ་འཕེལ་རྒྱས་འབྱུང་བའི་ཆེད་དུ། རྐྱང་ཆད་ཞང་ཏང་ཨུ་དང་སྲིད་གཞུང་གིས་གསོ་སྤེལ་དཔེ་སྟོན་ཁྱིམ་ཚང་གི་ལག་རྩལ་གསོ་སྦྱོང་དང་ལས་སྒོའི་མཛུབ་སྟོན་ལ་ཤུགས་བསྣན་ཏེ། ཁོ་ཚོའི་གསོ་སྤེལ་རྩལ་ནུས་དང་ཁྲོམ་རའི་འདུ་ཤེས་སྔར་ལས་མཐོར་འདེགས་བཏང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་ཞིང་། གསོ་སྤེལ་ཕན་ནུས་ཇེ་མཐོར་བཏང་ནས། འབྲོག་ཁྱིམ་གྱི་སྒོ་ཕྱུགས་གསོ་སྤེལ་གྱི་ཡིད་ཆེས་ཇེ་བརྟན་དུ་བཏང་།

བསམ་འཕེལ་ནི་ཡག་ཆེན་སྡེ་བའི་ནོར་གནག་གསོ་སྤེལ་ཐད་འཇོན་ཐང་ལྡན་པའི་ན་གཞོན་ཞིག་ཡིན་ལ། ལོ་མགོར་ཁོ་དང་ཞང་ཡོངས་ཀྱི་གསོ་སྤེལ་དཔེ་སྟོན་ཁྱིམ་ཚང12རྐྱང་ཆད་ཞང་ཏང་ཨུ་དང་སྲིད་གཞུང་གི་རྩ་འཛུགས་འོག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་སྟེ་ཁྱིམ་ཚང་ཕྱུགས་རའི་དཔེ་སྟོན་གསོ་སྤེལ་ཉམས་མྱོང་བརྗེ་རེས་ལྟ་སྦྱོང་ཚོགས་འདུར་ཞུགས། དེའི་རྗེས་སུ། བསམ་འཕེལ་གྱིས་གསོ་སྤེལ་རིག་ལམ་ལ་འགྱུར་བ་བཏང་ནས། ཁྱིམ་ཚང་ཕྱུགས་ར་འཕེལ་རྒྱས་བཏང་ཞིང་། ཆེད་ལས་ལག་རྩལ་མི་སྣའི་མཛུབ་སྟོན་དང་རོགས་སྐྱོར་འོག སྤུས་ལེགས་འབྲི་མོའི་རིགས་རྒྱུད་ནང་འདྲེན་དང་། གསོ་སྤེལ་ཁོར་ཡུག་ལེགས་སྒྱུར། ཚན་རིག་དང་མཐུན་པའི་སྒོ་ནས་གསོ་བ་དང་དོ་དམ་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས། འབྲི་མོ་གསོ་སྤེལ་ཕན་ནུས་ཇེ་མཐོར་འགྲོ་བ་མངོན་འགྱུར་བྱུང་།

འབྲོག་པ་ཕུར་རྡོ་ཡང་བསམ་འཕེལ་དང་འདྲ་བར། ཡག་ཆེན་སྡེ་བའི་གསོ་སྤེལ་འཇོན་མི་ཞིག་ཡིན།

ཡག་ཆེན་སྡེ་བའི་འབྲོག་མི་ཕུར་རྡོ་ཚང་ལ་སོང་བ་ན། གྲལ་སྟར་མཉམ་པའི་ཕྱུགས་ར་མིག་ལམ་དུ་མངོན་བྱུང་། ལུས་བོངས་རྒྱས་ཤིང་སྤུ་ཁ་ནག་པའི་ནོར70ལྷག་གིས་ཁོར་ཡུག་སྐྱིད་པོའི་པང་ན་རྩྭ་ལ་རོལ་བཞིན་འདུག ཁོའི་ལེགས་འགྲུབ་ཉམས་མྱོང་དེ་སྡེ་བ་ཡོངས་ལ་རྒྱ་ཁྱབ་ཏུ་སྤེལ་ཏེ། འབྲོག་པ་སྔར་ལས་མང་པོ་ནོར་གནག་གསོ་སྤེལ་གྱི་ཐོན་ལས་ཁྲོད་ཞུགས་པར་སྐུལ་ཁྲིད་བྱས།

དེང་སྐབས། ཁྱིམ་ཚང་ཕྱུགས་རའི་གསོ་སྤེལ་ཐོན་ལས་ལ་རིམ་གྱིས་འབྲས་བུ་སྨིན་བཞིན་ཡོད་ལ། གསོ་སྤེལ་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་ལོ་སྔོན་མ་དང་བསྡུར་ན་བརྟན་བརླིང་ངང་འཕར་གྱིན་ཡོད། ཞང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁྲེན་ཀྲེན་ཀང་གིས་ངོ་སྤྲོད་བྱས་དོན། རྐྱང་ཆད་ཞང་གིས་མུ་མཐུད་དུ་གཞི་ཁྱོན་ཅན་དང་ཚད་གཞི་ཅན་གྱི་གསོ་སྤེལ་གཙོ་གཞི་སྐྱེད་སྲིང་བྱས་ཁར། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཀྱིས་ཁྱིམ་ཚང་ཕྱུགས་ར་འཕེལ་རྒྱས་ཤུགས་ཆེར་གཏོང་བར་སྐུལ་ལྕག་བྱ་རྒྱུ་ཡིན། དུས་མཚུངས་སུ། གསོ་སྤེལ་སྤུས་ཀ་མཐོར་འདེགས་ལ་མཐོང་ཆེན་བྱས་ནས། ཕྱུགས་རྒྱུད་གསར་པ་ནང་དུ་དྲངས་ཏེ། ཞང་ཡོངས་ཀྱི་ཕྱུགས་ལས་གསོ་སྤེལ་ཐོན་ལས་དེ་སྤུས་ཚད་མཐོར་འདེགས་དང་གྲངས་ཀའི་འཕར་སྣོན་སྟེང“མཐོར་འདེགས་གཉིས”མངོན་འགྱུར་འབྱུང་བར་ཁག་ཐེག་བྱས་ནས། ཐོན་ལས་ཀྱི་ཕན་འབྲས་ཇེ་ཆེར་གཏོང་བ་དང་། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་འགན་སྲུང་འདོན་སྤྲོད་བྱ་རྒྱུ་ཡིན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号