ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཇེ་ཆེར་གཏོང་འདོད་ཡོད་ཚུལ་བསྟན།

ཟླ8པའི་ཚེས28ཉིན། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུའུ་ས་ཡིས་ལྷོ་ཨ་ཧྥེ་རི་ཁའི་ཁྲིམས་འཛུགས་རྒྱལ་ས་ཁའེ་ཕུའུ་ཏུན་དུ། ལྷོ་ཨ་ཧྥེ་རི་ཁའི་སྐབས་གསར་པའི་སྲིད་གཞུང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྤེལ་རེས་བྱེད་པར་ཤུགས་བསྣན་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་དང་གཏིང་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཚུལ་བསྟན།

ལྷོ་ཨ་ཧྥེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝུའུ་ཕིན་གྱིས་ཉིན་དེར་ཁའེ་ཕུའུ་ཏུན་དུ་ལཱ་མ་ཧྥུའུ་ས་ལ་ཐུག་འཕྲད་གནང་། ལཱ་མ་ཧྥུའུ་ས་ཡིས། ཀྲུང་གོས་དུས་ཡུན་རིང་པོར་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཚད་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། 2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་རྩེ་ཚོགས་ལེགས་འགྲུབ་འབྱུང་བར་སྨོན་འདུན་ཞུས་པ་རེད། ཁོང་གིས། ལྷོ་ཨ་ཧྥེ་རི་ཁའི་སྐབས་གསར་པའི་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོར་མཛའ་གྲོགས་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་། ཀྲུང་གོ་བར་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱེད་པར་ཤུགས་སྣོན་རྒྱུ། ཚོང་དོན་མ་འཇོག་དང་རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན།

ཝུའུ་ཕིན་གྱིས། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་བར་གྱི"བློ་མཐུན་དང་སྤུན་ཟླའི"མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ"རྫོགས་ལྡན་དུས་རབས"སུ་སླེབས་ཡོད། 2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་པེ་ཅིང་དུ་འཚོགས་འཆར་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁའི་མགོ་ཁྲིད་རྣམས་ཀྲུང་གོར་ཕེབས་ཏེ་རྩེ་ཚོགས་ནང་ཞུགས་རྒྱུའི་རེ་སྒུག་བྱས་ཡོད་ཅེས་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号